ཞིབ་འཇུག་སྙན་ཞུ་ལས་ཀྲུང་གོའི་གློག་ཤུགས་ལག་རྩལ་གྱི་གསར་གཏོད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་མངོན་པ།
ཚེས་10ཉིན་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རིམ་པ་མཐོ་བའི་ཆབ་སྲིད་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ཐོག་ཁྱབ་བསྒྲགས་བྱས་པའི《གོ་ལ་ཧྲིལ་པོའི་གློག་ཤུཌ་འཕེལ་རྒྱས་ཀྱི་སྟོན་གྲངས(2026)》ཀྱི་ཞིབ་འཇུག་སྙན་ཞུའི་ནང་མངོན་པ་ལྟར་ན། ཀྲུང་གོའི་གློག་ཤུགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཨང་རིམ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། དེའི་ནང་གློག་ཤུགས་ལག་རྩལ་གསར་གཏོད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་རེད།
སྙན་ཞུའི་ནང་མཁོ་སྤྲོད་འགན་ལེན་དང་། འཛད་སྤྱོད་ཞབས་ཞུ། ལྗང་མདོག་ཐཱན་ཉུང་། ལག་རྩལ་གསར་གཏོད་བཅས་ཕྱོགས་བཞིའི་ཐད་ནས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་100ཡི་གློག་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་ཚོད་སྐོར་བྱས་ཤིང་། ཕྱོགས་བསྡུས་འཕེལ་རྒྱས་ཆུ་ཚད་ཨང་དང་པོ་ནས་ལྔ་པར་སླེབས་པའི་རྒྱལ་ཁབ་ནི་ཧྥིན་ལན་དང་། སུའེ་ཏེན། སུའེ་ཙེར། ཀྲུང་གོ ནོར་ཝེ་བཅས་ཡིན། དེའི་ནང་ཀྲུང་གོའི་གློག་ཤུགས་ལག་རྩལ་གྱི་གསར་གཏོད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་། ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱི་སྤྱི་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་མ་ཟད། གློག་ཤུགས་གྲངས་རིག་ཅན་གྱི་ལག་རྩལ་བཀོལ་སྤྱོད་ཀྱང་འཛམ་གླིང་གི་སྣེ་ཁྲིད་དུའང་གྱུར་ཡོད།
ད་ཐེངས་ཀྱི་བྱེད་སྒོ་ནི་གོ་ལ་ཧྲིལ་པོའི་ནུས་རྒྱུ་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ། མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཐག་གཅོད་ཇུས་གཞིའི་དྲ་རྒྱ་སོགས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད།
མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལུའོ་ཁེ·ཐ་ཕ་ཡིས་ཤིས་ཚིག་ནང་། གོ་ལ་ཧྲིལ་པོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལྗང་ནུས་རྨང་སྐྲུན་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་ཀུན་ཕན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། དྲང་གཞག་གི་སྟོན་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ། གསར་གཏོད་ལ་བརྟེན་ནས་མཉེན་གཤིས་དང་བསྟུན་མཁས་རང་བཞིན་གཉིས་ཀ་ལྡན་པའི་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་གྱི་ཐབས་ལམ་གཏོད་དགོས་པའི་གྲོས་འགོ་བཏོན་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལི་ཅུན་ཧྭ་ཡིས། ནུས་རྒྱུ་ནི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་པས། རྒྱལ་ཁབ་ཁག་གིས་ནུས་རྒྱུའི་ལག་རྩལ་གསར་གཏོད་དང་གློག་དྲ་ཕན་ཚུན་སྦྲེལ་མཐུད་མགྱོགས་སུ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྲིད་ཇུས་དང་ལག་རྩལ་གྱི་རོགས་སྐྱོར་བྱེད་པ་དང་། ཁྱབ་ཁོངས་ལས་བརྒལ་བའི་ཕྱོགས་མང་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས། དྲང་གཞག་བསྟུན་མཁས་ཀྱི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།