“ཨ་ཧྥེ་རི་ཁའི་གཞོན་ནུས་ཀྲུང་གོར་ལྟ་བའི”བཞུཌ་མོལ་ཚོགས་འདུ་འཚོགས་པ།
“ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ཚེ་ཨ་ཧྥེ་རི་ཁ་དང་ཀྲུང་གོར་འཕེལ་རྒྱས་དེ་བས་ཡག་པོ་ཡོང་ཐུབ”
ཉིན་ཤས་གོང་། “ཨ་ཧྥེ་རི་ཁའི་གཞོན་ནུས་ཀྲུང་གོར་ལྟ་བའི”བཞུགས་མོལ་ཚོགས་འདུ་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་དུ་འཚོགས་ཤིང་། དབྱི་ཝུའུ་རུ་ལས་གཏོད་བྱེད་མཁན་ཨ་ཧྥེ་རི་ཁའི་ཚོང་འགྲུལ་པའི་འཐུས་མི་དང་ཀྲུང་གོར་འཚམས་འདྲི་བྱེད་མཁན་ཨ་ཧྥེ་རི་ཁའི་དབྱིན་ཡིག་རྒྱལ་ཁབ་སྲིད་ཏང་གི་གཞོན་ནུ་འགོ་ཁྲིད་ཀྱི་འཐུས་མི་སོགས་མི་60ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། ཨ་ཧྥེ་རི་ཁའི་ཚོང་འགྲུལ་པ་8ཀྱིས་ཀྲུང་གོར་སློབ་སྦྱོང་དང་། དབྱི་ཝུའུ་རུ་ལས་གཏོད། རྒྱལ་སྒྲོལ་ཚོང་དོན་ལ་ཟབ་ཞུགས་བཅས་བྱས་པའི་མྱོང་བ་དངོས་དང་ཟུང་འབྲེལ་བྱས་ནས་ཁོང་ཚོའི་ཕུགས་འདུན་དོན་གཉེར་གྱི་གཏམ་རྒྱུད་བརྗོད་ཅིང་། ཁོང་ཚོའི་སྐད་ཆ་ལས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྒོ་དབྱེའི་ཚོང་གཉེར་ཁོར་ཡུག་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་བྱུང་བ་རྟོགས་ལ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རེ་སྒུག་བཟང་པོ་དེ་བས་མཚོན་གྱི་ཡོད།
དབྱི་ཝུའུ་ཡི་མི་སྤྱི་དང་། ཚན་རྩལ། རྒྱལ་མཚམས་འཛུལ་སྒྲོལ་དོ་དམ། ཕྱི་དོན་སོགས་སྡེ་ཚན་མང་པོའི་ལས་དོན་པས་ས་གནས་ས་ཐོག་ཏུ་ཡུལ་དེ་གའི་ཕྱི་ཕྱོགས་དང་འབྲེལ་བའི་རོགས་སྐྱོར་དང་། ཚོང་དོན་དང་འབྲེལ་བ། རྒྱལ་མཚམས་འཛུལ་སྒྲོལ་སྟབས་བདེ་ཅན་སོགས་ཀྱི་སྲིད་ཇུས་གསལ་འགྲེལ་བྱས་ཤིང་། ཁོང་ཚོས། དབྱི་ཝུའུ་ནི་ཁྲོམ་ར་ལ་བརྟེན་ནས་བྱུང་བ་དང་ཚོང་དོན་ལ་བརྟེན་ནས་དར་རྒྱས་བྱུང་བ་ཞིག་ཡིན་པས། སྒོ་དབྱེ་བསྟུན་མཁས་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཚོང་པ་ཀུན་འདུས་བྱེད་པ་ནི་གྲོང་ཁྱེར་འདིའི་འཕེལ་རྒྱས་ཀྱི་རྩ་བ་དང་རྨང་གཞིར་སྔ་ས་ནས་གྱུར་ཡོད་ཅེས་བཤད།
“ཀྲུང་གོའི་དམངས་ཚོགས་སེམས་རྩ་འཁོལ་ལ་མཛའ་ཞིང་མཐུན་པ་དང་སྒོ་དབྱེ་བསྟུན་མཁས་ཀྱི་བསམ་པ་ལྡན་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད”ཅེས་རུ་ཝང་ཏའི་རྒྱལ་གཅེས་འཐབ་ཕྱོགས་རྒྱལ་ཡོངས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཨར་པོ་ཐེ་·མུའུ་ཡ་པུའུ་ཅིན་ཀེ་ཡིས་བརྗོད་པ་དང་། ཁོང་གིས། འཚམས་འདྲི་བྱས་པ་ལས་ངས་ཀྲུང་གོར་སྔར་བས་ཤེས་རྟོགས་ཟབ་མོ་ཐུབ་བྱུང་། རུ་ཝང་ཏའི་རྒྱལ་གཅེས་འཐབ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བཅོས་སྐྱོང་བྱེད་སྟངས་དཔྱད་གཞིར་ཧུར་ཐག་འཛིན་པའི་ཁར། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་རང་གི་འཕེལ་རྒྱས་ཀྱི་སྤུས་སྤོར་རིམ་སྤོར་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
“ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུས་ང་ཚོར་རྩ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད” པོ་ཚི་ཝ་ནའི་དམངས་གཙོ་བསྒྱུར་བཅོས་མནའ་འབྲེལ་གྱི་འདེམས་བསྐོའི་ལྟ་སྐུལ་ཚོགས་པའི་ཁོངས་མི་ཁོའོ་ལུའོ་པེ་·ཨོའུ་ནཱ་ལན་ནཱ་ཡིས་བལྟས་ན། ཨ་ཧྥེ་རི་ཁའི་གཞོན་ནུ་མང་པོའི་མིག་ནང་གི་ཀྲུང་གོ་ནི་རྒྱལ་ཁབ་ཅིག་ཁོ་ན་ཙམ་མ་ཡིན་པར། དེ་ནི་འཕོ་འགྱུར་སྐོར་གྱི་གཏམ་རྒྱུད་དང་། རྒྱལ་ཁབ་ཅིག་གིས་མི་དུང་ཕྱུར་ཁ་ཤས་ཇི་ལྟར་དབུལ་སྒྲོལ་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག འཛམ་གླིང་གི་ཐོན་ལས་རྩེ་གྲ་བཙུགས་པ། སློབ་གསོའི་གོ་སྐབས་མང་དུ་བཏང་བ། ཚན་རྩལ་ལ་བརྟེན་ཞིང་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་དཔལ་འབྱོར་དངོས་ཚན་གྱི་གྲས་ཤིག་བཏོད་པ་བཅས་ཀྱི་གཏམ་རྒྱུད་ཞིག་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།