ཧྥུའུ་ཅན་ཆོན་ཀྲོའུ་ཡིས་མེ་སྐྱོན་ལས་འཛོལ་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ།
ཉེ་ཆར། ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གིས་ཅིན་ཅང་གྲོང་ཁྱེར་ཁྲེན་ཏའེ་གྲོང་རྡལ་ལྷམ་བཟོ་གྲྭ་ཞིག་ཏུ་མེ་སྐྱོན་ལས་འཛོལ་ཐོན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལས་འཛོལ་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། མེ་སྐྱོན་དེའི་ནང་ཁྱོན་མི་28སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་རེད། མིག་སྔར་ས་གནས་ས་ཐོག་གི་རོགས་སྐྱོབ་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་པ་དང་། རྗེས་འཇུག་དང་སེམས་གསོ་གཏོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལས་འཛོལ་ཐོན་རྗེས་ཧྥུའུ་ཅན་ཞིང་ཆེན་དང་། ཆོན་ཀྲོའུ་གྲོང་ཁྱེར། ཅིན་ཅང་གྲོང་ཁྱེར་བཅས་ཀྱིས་འཕྲལ་མར་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ནས་ལས་འཛོལ་ཐག་གཅོད་ལས་དོན་ཚོགས་ཆུང་བཙུགས་ཏེ། མེ་གསོད་དང་། སྨན་བཅོས། འཕྲལ་སྡོམ། སྤྱི་བདེ། སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་མི་500ལྷག་ཙམ་སྐོང་བསྡུ་བྱས་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་ལས་དོན་སྤེལ་ཡོད། ས་གནས་ས་ཐོག་ཏུ་མི་213ཁ་བཀྲམ་ནས་བསྐྱབས་པ་དང་། དེའི་ནང་མི་2སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་འབྲེལ་ཆད་མི་སྣ་26ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ཀྱང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་གཏན་འཁེལ་བྱས་ཡོད། ཚེས་10ཉིན་གྱི་མཚན་དགུང་ཆུ་ཚོད་12དང་སྐར་མ་35བར་ས་གནས་ས་ཐོག་གི་རོགས་སྐྱོབ་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་པ་དང་། རྗེས་འཇུག་དང་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལས་འཛོལ་ཐོན་རྗེས་ཅིན་ཅང་གྲོང་ཁྱེར་གྱིས་འཕྲལ་མར་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཏེ་རྗེས་འཇུག་ཐག་གཅོད་ཚོགས་ཆུང་བཙུགས་པ་དང་། ཏང་ཡོན་ལས་བྱེད་པ་200ལྷག་ཙམ་སྐོང་འཐེན་བྱས་ནས་ཚོགས་ཆུང་28བཙུགས་ཤིང་། ཆེད་དོན་ཚན་ཁག་གིས་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་འབྲེལ་མཐུད་བྱས་ནས་འཆི་གོད་གུན་གསབ་དང་འཚོ་བའི་རོགས་སྐྱོར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།