དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་ལྕགས་ལམ་12306ལག་རྩལ་ལྟེ་གནས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཧྲན་ཤིང་ཧྭ་ཡིས་བརྗོད་དོན།

    ​“ང་ཚོས་ནམ་ཡང་མདུན་སྐྱོད་ཀྱི་གོམ་པ་སྤོ་མཚམས་འཇོག་མི་སྲིད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཤིན་ཕིང་།   |     སྤེལ་དུས།  2026-07-14

    མཛུབ་མོ་མནན་ཙམ་བྱས་ན་སྤ་སེ་ཉོ་ཐུབ་པ་དང་ཐོབ་ཐང་ལག་ཁྱེར་བཤེར་ན་མེ་འཁོར་ནང་སྡོད་ཐུབ་ཀྱི་ཡོད། སྟབས་བདེའི་བྱེད་ཐབས་དེར་འདེགས་སྐྱོར་བྱེད་མཁན་ནི་གོ་ལ་ཧྲིལ་པོའི་དུས་ཐོག་སྤ་སེའི་ལས་དོན་མ་ལག་ཆེ་ཤོས་ཏེ། ལྕགས་ལམ་12306ཡིན་པ་རེད།

    མ་ལག་ནང་འཛུལ་མཁན་མང་ཤོས་ཀྱི་དུས་སུ་ཐེངས་དུང་ཕྱུར་2600ལྷག་ཙམ་ཟིན་པ་དང་སྐར་ཆ་རེར་མེ་འཁོར་གྱི་སྤ་སེ་1400ལྷག་ཙམ་འཚོང་གི་ཡོད། དྲ་རྒྱ་ཆེན་པོ་དེ་གསར་གཏོད་བྱེད་མཁན་ནི་དྲ་གྲོགས་ཚོས“ཀླད་པ་སྤྱང་ཤོས”ཞེས་འབོད་པའི“ལྕགས་ལམ་ལྷ་ལྕམ”སྟེ། ཀྲུང་གོ་ལྕགས་ལམ་12306ལག་རྩལ་ལྟེ་གནས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཧྲན་ཤིང་ཧྭ་ཡིན།

    1996ལོར་ཞིབ་འཇུག་སློབ་མ་འགྲིམ་བཞིན་པའི་ཧྲན་ཤིང་ཧྭ“ཀྲུང་གོ་ལྕགས་ལམ་འགྲུལ་སྐྱེལ་སྤ་སེ་ཕྱིར་ཚོང་དང་སྔོན་མངགས་མ་ལག”གི་ཞིབ་སྤེལ་ལས་དོན་ནང་སྐོང་འཐེན་བྱས་ཤིང་། སྐབས་དེ་དུས་སྐར་ཁུང་ནས་སྤ་སེ་འཚོང་བར་བརྟེན་དཔྱིད་གསར་སྐྱེལ་འདྲེན་སྐབས་མེ་འཁོར་གྱི་སྤ་སེ་ཉོ་མཁན་ཚོས་བང་རིང་པོ་བསྒྲིགས་ནས་སྡོད་ཀྱི་ཡོད། གྲང་རླུང་ཁྲོད་ཕ་ཡུལ་དུ་ལོག་མཁན་འགྲུལ་པ་ཚོ་མཐོང་སྐབས་ཧྲན་ཤིང་ཧྭ་ཡིས་གློག་ཀླད་ལ་བརྟེན་ནས་སྤ་སེ་ཉོ་ཚོང་བསམ་བློ་དེ་སྔར་བས་བརྟན་དུ་ཕྱིན། ལྕགས་ལམ་གྱི་སྤ་སེའི་མ་ལག་ཞིབ་སྤེལ་གྱི་ལམ་བུར་ཁོང་གིས་ལོ་30ཙམ་འབད་བརྩོན་བྱས་ཡོད།

    2012ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ནི་ཧྲན་ཤིང་ཧྭ་དང་ཚོགས་པའི་ངོས་ནས་བརྗོད་ན་དཀའ་ཚེགས་ཆེ་ཤོས་ཀྱི་ལོ་ཞིག་རེད། ལོ་དེར་12306དྲ་ཚིགས་ནང་འཛུལ་མཁན་མང་བས་མ་ལག་དེ་ཡང་ཡང་འགག་པའི་གནད་དོན་འཕྲད་ཡོད།

    “ཉིན་དེ་དག་རིང་ང་ཚོ་བྲེལ་བ་ཆེ་ལ། དངངས་སྐྲག་ཀྱང་ཆེན་པོ་བྱུང”ཧྲན་ཤིང་ཧྭ་ཡིས་ཉིན་མོར་ཚོགས་པས་མ་ལག་གི་རྗེས་སྙེག་དབྱེ་ཞིབ་ལ་དམ་པོར་དམིགས་ནས་བསམ་ཕྱོགས་དང་ཇུས་གཞི་ལེགས་སུ་གཏོང་རྒྱུར་ཞིབ་འཇུག་བྱས་པ་དང་དགོང་མོར་མ་ལག་ནས་སྤ་སེ་ཉོ་མཚམས་བཞག་པའི་བར་གསེང་ལ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་རིམ་སྤོར་ཚོད་ལྟ་བྱེད་ཀྱི་ཡོད་ཅེས་བརྗོད།

    ལབ་གླེང་དང་དོགས་ཆར་གྱི་མདུན་དུ་ཧྲན་ཤིང་ཧྭ་དང་ཚོགས་པས་དཔའ་ཞུམ་མྱོང་མེད། ཁོང་ཚོས་འབད་བརྩོན་ལྡབ་བརྒྱ་བྱས་ཏེ་སྤ་སེ་འཚོང་བའི་ཐབས་ཇུས་དང་། སྡོད་ས་གསོག་ཚད་ཚོད་འཛིན། ཉོ་ཚོང་སྒུལ་རྣམ་བང་སྒྲིག་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་རྩལ་ཐད་ཚད་བརྒལ་ཆེན་པོ་བྱུང་ཡོད།

    མེ་འཁོར་གཏོང་ཐེངས་མི་འདྲ་བ་དང་། མེ་འཁོར་འབབ་ཚུགས་མི་འདྲ་བ། འགྲུལ་བཞུད་ལམ་ཐིག་མི་འདྲ་བ་བཅས་ཀྱི་འགྲུལ་པར་གཞིགས་ནས་མ་ལག་གིས་ངེས་པར་དུ་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་པ་དང་དུས་ཐོག་ཏུ་སྤ་སེ་བཏོན་ཏེ་འགྲུལ་པ་མེ་འཁོར་ནང་འཛུལ་བ་དང་མེ་འཁོར་ནས་འབབ་སྐབས་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད། ཁོང་ཚོས་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་ལག་རྩལ་ཐད་འཕྲད་པའི་དཀའ་གནད་སེལ་ཞིང་། “ཕྱིས་སུ་མ་ལག་བརྟན་པོ་དང་སྤྱོད་བདེ་རུ་ཕྱིན་ཡོད”ཅེས་ཧྲན་ཤིང་ཧྭ་ཡིས་བརྗོད།

    ད་ལོའི“ལྔ་གཅིག”གུང་གསེང་རིང་། ལྕགས་ལམ་གྱི་ཉིན་རེའི་འགྲུལ་རྒྱུན་མང་ཤོས་སྐབས་མི་ཐེངས་ཁྲི་2484.4ཟིན་ཡོད། མེ་འཁོར་སྤ་སེ་སྔོན་ཚོང་བྱེད་པ་ནས་ཞབས་ཞུའི་བར་ལྕགས་ལམ་12306སྤྱོད་ཚད་བརྟན་ལ་གོ་རིམ་ལྡན་པར་གྱུར་ཡོད། ལག་རྩལ་ཚོགས་པས་ཇུས་འགོད་ཞིབ་སྤེལ་བྱས་པའི་འཁོར་འབྲེལ་ཧྲིལ་པོའི་ལྟ་སྐུལ་ཚོད་འཛིན་མ་ལག་དང་ཉེན་ཁའི་རིག་ནུས་ཚོད་འཛིན་མ་ལག་གིས་མ་ལག་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ཡོད།

    དཀའ་གནད་མང་པོ་ཐག་གཅོད་ཐུབ་ཀྱང་ཧྲན་ཤིན་ཧྭ་ཡིས་མུ་མཐུད་འཚོལ་ཞིབ་བྱ་རྒྱུའི་བསམ་བློ་དོར་མེད། ཁོང་གིས་འགྲུལ་པ་ཚོའི་དགོས་མཁོ་མི་འདྲ་བ་སྣ་ཚོགས་རྟོགས་ཤིང་། དགོས་མཁོ་དེ་དག་སྐོང་བར་ལག་རྩལ་ལ་བརྟེན་དགོས་ལ་ཞབས་ཞུའི་འདུ་ཤེས་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་དེ་བས་བརྟེན་དགོས།

    “འགྲུལ་པ་ཚོས་མཛེས་སྡུག་ལྡན་པའི་ཡུལ་སྐོར་འཚོ་བར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པས་ང་ཚོས་ནམ་ཡང་མདུན་སྐྱོད་ཀྱི་གོམ་པ་སྤོ་མཚམས་འཇོག་མི་སྲིད”ཅེས་ཧྲན་ཤིང་ཧྭ་ཡིས་བློ་རྩ་བརྟན་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།