དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་གློག་སྤྱོད་ཐེག་ཚད་ཀྱིས་ཆན་ཝ་དུང་ཕྱུར་15.18ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-14

    རྒྱལ་ཡོངས་ཀྱི་གློག་སྤྱོད་ཐེག་ཚད་ཀྱིས་ད་ལོ་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཐོག་མར་བཏོད་ཅིང་། ཟིན་ཐོ་མཐོ་ཤོས་ཆན་ཝ་དུང་ཕྱུར་15.18ཟིན་པ་དེ་ལོ་རྒྱུས་ཀྱི་གྲངས་ཐང་མཐོ་ཤོས་ལས་ཆན་ཝ་ཁྲི་1000འཕར་ཡོད།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་10ཉིན། རྒྱལ་ཡོངས་ཀྱི་གློག་སྤྱོད་ཐེག་ཚད་ཀྱིས་ད་ལོ་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཐོག་མར་བཏོད་ཅིང་། ཟིན་ཐོ་མཐོ་ཤོས་ཆན་ཝ་དུང་ཕྱུར་15.18ཟིན་པ་དེ་ལོ་རྒྱུས་ཀྱི་གྲངས་ཐང་མཐོ་ཤོས་ལས་ཆན་ཝ་ཁྲི་1000འཕར་ཡོད་པ་རེད།

    ད་ལོ་ཚུན་དུ་གློག་སྤྱོད་དགོས་མཁོ་ཇེ་ཆེར་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱོགས་གསུམ་ནས་སྐུལ་ཁྲིད་བྱས་པ་སྟེ། གཅིག་ནི་བཟོ་ལས་ཐད་ཀྱི་གློག་སྤྱོད་ཚད་བརྟན་པོ་འཕར་ཞིང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། ནུས་གསར་རླངས་འཁོར་དང་། ནུས་གསོག རྩིས་ནུས་སྒྲིག་ཆས་སོགས་གསར་དར་ཐོན་ལས་ཀྱི་གློག་སྤྱོད་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད། གཉིས་ནི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་མགྱོགས་ཙམ་འཕར་ཞིང་། ད་ལོ་ཚུན་དུ་གློག་གསོག་དང་གློག་རྫས་བརྗེ་བའི་ཞབས་ཞུའི་ལས་རིགས་དང་དྲ་སྦྲེལ་གྲངས་གཞིའི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་40%ལྷག་ཙམ་ཟིན་ཡོད། གསུམ་ནི་དྲོད་ཚད་མཐོ་བའི་གནམ་གཤིས་ཀྱིས་གློག་སྤྱོད་ཐེག་ཚད་མཐོ་རུ་ཕྱིན་ཞིང་། གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་པ་དང་བསྟུན་ནས་རྒྱལ་ཡོངས་ཀྱི་དྲོད་སྙོམ་འཕྲུལ་ཆས་ཀྱི་དྲོད་གཅོག་ཐེག་ཚད་30%ཙམ་ཟིན་པ་དང་ཞིང་ཆེན་ཁག་གཅིག་ཏུ་40%ལྷག་ཙམ་ཟིན་ཡོད།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྡོ་སོལ་དང་། གློག སྣུམ་རླངས་བཅས་སྐྱེལ་འདྲེན་འགན་སྲུང་ལས་དོན་གྱི་པུའུ་དབར་གྱི་མཐུན་སྦྱོར་ལམ་སྲོལ་གྱི་ཁོངས་ཞུགས་ཚན་པ་ཁག་དང་མཉམ་དུ་གློག་ཤུགས་མཁོ་སྤྲོད་ཀྱི་དུས་བབ་ལ་རྗེས་སྙེག་དམ་ཟབ་ཀྱིས་བརྡར་ཤ་གཅོད་པ་དང་། འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། གློག་མཁོ་སྤྲོད་འགན་ལེན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་སྲུང་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་བློས་འཁེལ་བའི་གློག་སྤྱོད་རྒྱུ་ཡོད་པ་དང་ལྗང་མདོག་གློག་མང་ཙམ་སྤྱོད་རྒྱུ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།