དབུ་ཤོག>གསར་འགྱུར།
  • བོད་ནས་ཡིན་པའི་ལྷག་ཕུན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུང་ཕྱིའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུར་བསྐྱོད་པ།

    ​དྲ་རྒྱའི་རིམ་འཇུག་ནང་ཞུགས་ནས་ས་མཐོའི་འགྱུར་ལྡོག་ཆེན་པོར་སྔར་བས་བདེན་དཔང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-14

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“རྒྱང་ལམ་གསར་པའི་ཐོག་གི་འབད་འཐབ་པ”ཞེས་པའི་ཀྲུང་ཕྱིའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་ཤིང་། བཟོ་ལས་དང་ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱི་གཞི་རིམ་འཐུས་མི་ལྔ་ཡིས“དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ནས་བཟོ་ལས་ཅན་གྱི་བྱ་གཞག་གསར་པ་འཛུགས་སྐྲུན་བྱེད་མཁན་དང་ཕུགས་འདུན་དོན་གཉེར་བྱེད་མཁན་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་ཀྲུང་ཕྱིའི་གསར་འགོད་པ་དང་ངོ་འཕྲད་སྤེལ་རེས་བྱས་པ་རེད། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་གཞིས་རྩེ་ཡན་ལག་ཀུང་སིའི་དྲ་རྒྱ་བཀོལ་སྤྱོད་བདག་སྐྱོང་པན་གྱི་པན་ཀྲང་ལྷག་ཕུན་གྱིས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་ས་མཐོའི་འཕྲིན་གཏོང་བས་དྲ་རྒྱ་སྐྲུན་རིང་གི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།

    ལྷག་ཕུན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གཞིས་རྩེ་བ་ཡིན་ཞིང་། ལས་ཀར་ཞུགས་ཚུན། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་གཞིས་རྩེའི་རི་ཀླུང་དང་། འབྲོག་ར། མཐའ་མཚམས་གྲོང་ཚོ་ཁག་བཅས་ཚང་མར་བསྐྱོད་དེ་དེ་སྔའི་2Gདང་3Gནས་ད་ཆའི་5Gདང་5G—Aབར་གྱི་དྲ་རྒྱ་ཚང་མ་སྐྲུན་རིང་ཁོང་ཞུགས་ཡོད།

    འཕྲིན་གཏོང་ལས་ཀ་གདམ་ག་བྱེད་དོན་ནི་བག་ཆགས་ཟབ་པའི་དོན་དག་གཉིས་ཡོད་པས་རེད།

    དོན་དག་གཅིག་ནི་ཁོང་ཆུང་དུས་སུ། གྲོང་ཚོའི་ནང་ཁ་པར་མེད་པས་དུད་ཚང་སུ་ལ་དོན་དག་གལ་ཆེན་གང་ཞིག་འཕྲད་རུང་སྤྱི་ལེ་བཅུ་ལྷག་ཙམ་གྱི་སར་ཡོད་པའི་ཤང་དང་གྲོང་རྡལ་སྦྲག་སྲིད་ཁང་དུ་སྐྱོད་ཚེ་གཞི་ནས་ཕྱི་ཕྱོགས་དང་འབྲེལ་བ་ཐུབ་པས་རྙོག་དྲ་ཧ་ཅང་ཆེན་པོ་ཡོད་པ་དང་དོན་དག་གཞན་ཞིག་ནི་ཁོང་སློབ་གྲྭར་སྐྱོད་རྗེས་ཀྱི་ལོ་གཅིག་གངས་ཧ་ཅང་ཆེན་པོ་བབས་ནས་ཕ་ཡུལ་གྱི་འབྲོག་པ་ཞིག་འབྲོག་རར་ལུས་པ་དང་བརྡ་རྟགས་མེད་པས་ཕྱི་རོལ་དང་འབྲེལ་བ་ཆད་ནས་ཉིན་མཚན་གཅིག་ཏག་ཏག་ལུས་ཏེ་ཉེན་ཁ་ཆེན་པོ་འཕྲད་པ་དེ་རེད།

    ལྷག་ཕུན་གྱིས“དོན་དག་དེ་གཉིས་ལས་ང་ཚོ་ས་མཐོའི་མཐའ་མཚམས་སུ་འཕྲིན་གཏོང་ནི་སྟབས་བདེའི་ཁ་པར་ཙམ་ཞིག་མིན་པར་མང་ཚོགས་ཀྱི་ཚེ་སྲོག་དང་དུས་བདེའི་ལམ་ཐིག་དེ་བས་ཡིན་པ་ངས་གསལ་པོ་ཤེས་བྱུང”ཞེས་བརྗོད་པ་དང་། ཡང་ཁོང་གིས“ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས”ཞེས་པ་ལྟར་ང་ཚོས་འཕྲིན་གཏོང་དྲ་རྒྱའི་ཆ་འཕྲིན་གྱི་ལམ་ཆེན་བསྐྲུན་པ་ཙམ་རེད་ཅེས་བརྗོད།

    ཏང་ཡོན་ཞིག་གི་ངོས་ནས་ལྷག་ཕུན་གྱིས་རང་འགུལ་ངང་རེ་འདུན་ཞུས་ནས་རུ་སྣེ་ཁྲིད་དེ་ཏང་ཡོན་འགག་སྒྲོལ་ཚོགས་ཆུང་བཙུགས་ཏེ་ལྗིད་ཚད་ཏུན་ཁ་ཤས་ཟིན་པའི་སྒྲིག་ཆས་དང་དངོས་ཟོག་ཚང་མ་མི་ཤུགས་དང་ཁལ་མར་བརྟེན་ནས་དབོར་གྱི་ཡོད། ཉིན་47ཏག་ཏག་མཐོ་གྲང་དང་གསོ་རླུང་མི་འདང་བའི་ཁོར་ཡུག་ངན་པའི་ཁྲོད་སྐྱོད་པ་དང་ལ་དུག་ཕོག་ནས་མི་བདེ་བ་བྱུང་བ་མཐའ་དག་ཁྱད་བསད་བྱས་ཏེ། འཛུགས་སྐྲུན་ཚོགས་པའི་ལས་བགོས་ལ་གཞོགས་འདེགས་ཀྱིས་རེས་མོས་ངང་ལས་ཀ་བྱས་ནས་ཨར་ལས་ཀྱི་དཀའ་ངལ་སྣ་ཚོགས་ལས་སྒྲོལ་བ་ལས་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་བྱུང་མེད།

    དེ་རྗེས་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ཆེས་གསལ་བརྙན་ལམ་དེ་གསར་དུ་བསྐྲུན་པའི་5Gརྟེན་གཞི་བརྒྱུད་བདེ་བླག་ངང་སྟོན་ཐུབ་པ་མཐོང་སྐབས་ལྷག་ཕུན་གྱི་མིག་ཟུང་མཆི་ཞག་གིས་ཁེངས་ནས“བློས་གཏོང་བྱེད་རིན་ཆོག་འདུག”ཅེས་བརྗོད།

    རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་དྲ་རྒྱ་ལས་འབྲོག་པ་ཕྱུགས་འཚོ་བར་སྐྱོད་སྐབས་ག་དུས་ཡིན་ཡང་ཁྱིམ་མི་དང་བརྙན་ལམ་ཐོག་ནས་སྐད་ཆ་ཤོད་རེས་ཐུབ་པ་དང་། ཐག་རིང་ལུང་ཁུག་ཤང་དང་གྲོང་རྡལ་གྱི་མང་ཚོགས་ཚོས་5Gལ་བརྟེན་ནས་རྒྱང་རིང་ནད་དཔྱད་ཐུབ་པ་དང་ཐག་རིང་དུ་བསྐྱོད་མི་དགོས་པར་རིགས་གཅིག་མཁས་ཅན་གྱིས་ནད་གཞི་ལྟ་བ་དང་སྨན་བཅོས་ཐུབ་པ། རིག་ལྡན་སློབ་ཚན་རིམ་བཞིན་ཁྱབ་གདལ་ཐུབ་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཕྲུ་གུ་ཚོས་ཀྱང་སྤུས་ལེགས་ཀྱི་སློབ་ཁྲིད་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་སོགས་ཀྱི་ཕན་པ་གང་སར་མཐོང་རྒྱུ་ཡོད།

    “འོད་སྐུད་རེ་རེ་དང་སྦྲེལ་ཚུགས་རེ་རེས་གངས་ལྗོངས་ས་མཐོའི་ས་བབ་མཐོ་བའི་འགོག་རྐྱེན་ལས་སྒྲོལ་བས་ངར་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་ལྷག་ཕུན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།