རང་ལྗོངས་ཀྱིས་གཏན་འབེབས་གསར་པ་བཏོན་ནས་ཡོམ་རྗེས་ཀྱི་ཁང་པའི་འཕྲལ་སྡོམ་དཔྱད་དཔོག་ལས་དོན་ཚད་ལྡན་དུ་བཏང་བ།
གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཐིང་དེས་སྒྲིག་བཟོ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཡོམ་རྗེས་ཀྱི་ཁང་པའི་ཨར་སྐྲུན་བདེ་འཇགས་ཀྱི་འཕྲལ་སྡོམ་དཔྱད་དཔོག་ལས་དོན་གྱི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》དངོས་སུ་བཀྲམ་ནས་ལག་ལེན་བསྟར་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཡོམ་རྗེས་ཀྱི་ཁང་པའི་ཨར་སྐྲུན་བདེ་འཇགས་ཀྱི་འཕྲལ་སྡོམ་དཔྱད་དཔོག་རིགས་གཅིག་མཁས་ཅན་གྱི་དོ་དམ་བྱ་ཐབས》ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི་ཡོམ་རྗེས་ཀྱི་ཁང་པའི་ཨར་སྐྲུན་བདེ་འཇགས་ཀྱི་འཕྲལ་སྡོམ་དཔྱད་དཔོག་ལས་དོན་གྱི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》ནང་རིམ་གསུམ་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱི་འགན་དབང་ཁ་གསལ་བཟོས་པ་དང་། ས་ཡོམ་མ་བརྒྱབ་གོང་གི་གྲ་སྒྲིག་དང་ཡོམ་རྗེས་ཀྱི་དཔྱད་དཔོག་གི་བརྒྱུད་རིམ་ཧྲིལ་པོའི་ལས་དོན་ཚད་ལྡན་དུ་བཏང་བ། ཁང་པ“སྡོད་རུང་བ་དང་། གནས་སྐབས་སྡོད་མི་རུང་བ། གཏན་ནས་སྡོད་མི་རུང་བ”བཅས་གཏན་འཁེལ་གྱི་སྡོམ་ཚིག་གསུམ་གཅིག་གྱུར་བཟོས་པ་མ་ཟད། བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི་ཉེན་བརྡའི་མཚོན་རྟགས་དང་། དངོས་ཟོག་གི་གསལ་ཐོ། བཀོལ་སྤྱོད་གོ་རིམ་སོགས་ལག་ལེན་དངོས་ཀྱི་དཔྱད་ཡིག་སྡེབ་གཅིག་ལ་བཟོས་ནས། གཞི་རིམ་གྱི་གྲལ་བཤེར་དང་དཔྱད་དཔོག་གི་ལས་དོན་ལ་ཚད་གཞི་ཅན་དང་རང་ཡུལ་ཅན་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
《བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་རྗེས་ཀྱི་ཁང་པའི་ཨར་སྐྲུན་བདེ་འཇགས་ཀྱི་འཕྲལ་སྡོམ་དཔྱད་དཔོག་རིགས་གཅིག་མཁས་ཅན་གྱི་དོ་དམ་བྱ་ཐབས》ནང་། རིགས་གཅིག་མཁས་ཅན་གྱི་མཛོད་འཛུགས་པ་དང་། རིགས་གཅིག་མཁས་ཅན་གྱི་འགན་འཁྲི་སྒྲུབ་པ་དང་འགན་གནས་ཕྱིར་འཐེན་སོགས་བརྒྱུད་རིམ་ཧྲིལ་པོའི་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། རིགས་གཅིག་མཁས་ཅན་གྱི་ལག་རྩལ་ཞིབ་འཇུག་བརྡར་གཅོད་དང་ས་ཡུལ་དངོས་ཀྱི་གྲལ་བཤེར་སོགས་ལས་ཀའི་འགན་འཁྲི་ཞིབ་ཚགས་སུ་གཏོང་བ། གདུབ་ཟུམ་དོ་དམ་ལམ་སྲོལ་འཛུགས་པ་བཅས་བྱས་ནས་ཡོམ་འགོག་འཕྲལ་སྡོམ་གྱི་དཔྱད་དཔོག་ཤེས་ལྡན་པའི་འགན་སྲུང་བརྟན་དུ་བཏང་ཡོད།
ད་ཐེངས་སྒྲིག་བཟོ་བྱས་པའི་གཏན་འབེབས་གསར་པའི་ནང་གཞིས་རྩེའི་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་དངོས་འཐབ་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ལག་རྩལ་པ་640ལྷག་ཙམ་བཏང་ནས་དུད་ཚང(སྟར་པ)ཁྲི་4.5ལྷག་ཙམ་གྱི་ཁང་པའི་བདེ་འཇགས་ཀྱི་དཔྱད་དཔོག་ལས་དོན་ལེགས་པར་བསྒྲུབས་ཤིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚད་གཞིར་ནན་པོ་གཞིགས་པ་དང་ས་མཐོའི་ཡོམ་འགོག་གེགས་སེལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལས་ཀའི་ཞན་ཆ་བསལ་ཡོད།
འབྲེལ་ཡོད་གསར་འགྱུར།