“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུཌ་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ལོ་ལྔའི་རིང་། རང་ལྗོངས་ཀྱིས་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ཞན་ཆ་གསབ་ཅིང་། གཞུང་ལམ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། སྦྲག་སྲིད་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་སྤྱི་འདོམས་བྱས་ནས་འཐུས་སྒོ་ཚང་དུ་བཏང་བས། སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་སྦྲེལ་མཐུད་དང་། མཉམ་འདྲེས། དྲ་རྒྱ་ཆགས་པ་བཅས་བྱུང་ནས“མི་སྣ་འགྲོ་སྐྱོད་དང་དངོས་ཟོག་དབོར་འདྲེན་བདེ་པོ”བྱུང་བ་མ་ཟད། ད་དུང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་བྱེད་ནུས་དང་། ཞབས་ཞུའི་སྤུས་ཚད། འཁོར་གཉེར་གྱི་ལས་ཕྱོད་བཅས་ཀྱང་མཐོ་རུ་ཆེས་ཆེར་ཕྱིན་ནས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
གཞུང་ལམ་དྲ་བའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས་རིམ་སྤོར་བྱུང་ཞིང་། 2025ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་ཚད་ཁྱོན་སྤྱི་ལེ་ཁྲི་12.52ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་སྤྱི་ལེ་6000ལྷག་ཙམ་འཕར་ནས། “གཞུང་བཞི་འཕྲེད་གསུམ་ལམ་བརྒྱད”ཀྱི་གཞུང་ལམ་དྲ་བའི་སྒྲོམ་གཞི་ཨ་མ་་རགས་ཙམ་ཆགས་ཡོད་པ་རེད། ལྷ་ས་ལྟེ་བར་བྱས་པའི“གྲོང་ཁྱེར་ལྔ་ཆུ་ཚོད་གསུམ་ནང་ཚུན་དུ་སྐོར་ཐུབ་པའི”མྱུར་བགྲོད་འཁོར་རྒྱ་རགས་ཙམ་ཆགས་ནས་ས་ཁུལ་དང་གྲོང་ཁྱེར་བདུན་ཚང་མར་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་པའམ་ཡང་ན་སྐྲུན་བཞིན་ཡོད་པ་རེད། G109དང་། G318 G219སོགས་བོད་ནས་འགྲོ་འོང་བྱེད་པའི་གཞུང་ལམ་ཆེན་པོ་ཁག་རྒྱུན་མཐུད་རིམ་སྤོར་བྱས་པ་དང་། ཤང་དང་གྲོང་རྡལ་དང་དེ་བཞིན་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་92.48%སོ་སོར་ཟིན་པ་དང་། གཞུང་ལམ་ཤར་གཏོང་གི་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་དེ་བཞིན་སྲིད་འཛིན་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད།
ལྕགས་ལམ་འཛུགས་སྐྲུན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ། མཚོ་བོད་དང་། ལྷ་གཞིས། ལྷ་ཉིང་བཅས་ཀྱི་ལྕགས་ལམ་ལས“Y”དབྱིབས་ཀྱི་ལྕགས་ལམ་ཨ་མ་གྲུབ་ནས་ལྷ་ས་དང་། ལྷོ་ཁ། ནག་ཆུ། གཞིས་རྩེ། ཉིང་ཁྲི་བཅས་གྲོང་ཁྱེར་ལྔ་ལ་ཤར་གཏོང་ཐུབ་ཡོད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་ཤུགས་འགྲེམས་མེ་འཁོར་ལ་བསྡད་དེ་ཕྱིར་བསྐྱོད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། ལྗོངས་ཡོངས་ཀྱི་ལྕགས་ལམ་དྲ་བའི་ཁྱབ་ཚད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་སྤྱི་ལེ་ངོས་གྲུ་ཁྲི་རེར་སྤྱི་ལེ་6.5ནས་སྤྱི་ལེ་ངོས་གྲུ་ཁྲི་རེར་སྤྱི་ལེ་9.8བར་མཐོ་རུ་ཕྱིན་ཡོད། རང་ལྗོངས་ཀྱིས་མཚོ་བོད་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་དང་དྲ་ཐོག་ཟོག་འདྲེན་ལས་སྟེགས་བཙུགས་ཐོག་ལྕགས་ལམ་གྱི“སྒོ་རྩ་ནས་སྒོ་རྩ་བར”གྱི་ཟོག་འགྲུལ་ཞབས་ཞུ་བཏོན་ནས་ཟོག་འདྲེན་ཕྱོགས་སྒྱུར་བྱས་ཏེ་མྱུར་ཚད་མགྱོགས་སུ་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྕགས་ལམ་གྱིས་བོད་ནས་འགྲུལ་པ་མི་ཐེངས་ཁྲི་1228.6དང་དངོས་ཟོག་ཏུན་ཁྲི་3450ལྷག་ཙམ་སྐྱེལ་འདྲེན་བྱས་ནས། འགྲུལ་ཟོག་སྐྱེལ་འདྲེན་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།
དམངས་སྤྱོད་མཁའ་འགྲུལ་གྱི་ལྟེ་བའི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཏེ་ལྷ་ས་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་ཁག་ཏུ་ཉིན་གཅིག་ལ་སླེབས་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ལྟེ་བར་བྱས་པའི“མ་ལམ་གཅིག་དང་ཡན་ལག་ལམ་བདུན”གྱི་སྐྱེལ་འདྲེན་གནམ་ཐང་བཀོད་སྒྲིག་བྱས་ཐོག འཕུར་སྐྱོད་ལམ་ཐིག་204བཏོད་དེ་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་84ལ་ཤར་གཏོང་ཐུབ་པར་བྱས་ཡོད། རིག་ལྡན་དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས་འགྲུལ་པ་ཕྱིར་སྐྱོད་ལས་ཕྱོད་དང་དུས་གཏན་གནམ་གྲུ་འཕུར་སྐྱོད་ཀྱི་ལས་ཕྱོད་ཆེས་ཆེར་འཕར་ཡོད། ལོ་ལྔའི་ནང་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་3188.2སྐྱེལ་འདྲེན་བྱས་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དང་བསྡུར་ན་28.6%འཕར་བ་དང་། རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་ཁྲི་23.7སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་20.3%འཕར་ཡོད་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐུར་སྐྱེལ་ཞབས་ཞུ་རྒྱུན་ཆད་མེད་པར་གཞི་རིམ་དུ་ཕྱོགས་ནས་གྲོང་ཚོ་ཚང་མར་གཞི་རྩའི་ཆ་ནས་ཁྱབ་པ། 2025ལོའི་ལོ་མཇུག་ཏུ། ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོ་གཉེར་ཚད་དུང་ཕྱུར་2ལྷག་ཙམ་ཟིན་ཡོད། ད་ཆ་ལྗོངས་ཡོངས་སུ་སྦྲག་སྲིད་དྲ་ཚིགས་755དང་། མྱུར་སྐྱེལ་དྲ་ཚིགས་568 གྲོང་ཚོའི་སྦྲག་སྲིད་ས་ཚིགས་4646 གྲོང་ཚོ་རིམ་པའི་སྐུར་སྐྱེལ་ཟོག་འགྲུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་2410བཅས་ཡོད་པས“རྫོང་ཚང་མར་མྱུར་སྐྱེལ་ཁག་བགོས་ས་ཚིགས་ཡོད་པ་དང་། ཤང་ཚང་མར་མྱུར་སྐྱེལ་དྲ་ཚིགས་ཡོད་པ། གྲོང་ཚོ་ཚང་མར་ཞབས་ཞུ་ཡོད་པ”བཅས་ཀྱི་སྐུར་སྐྱེལ་དྲ་རྒྱ་ཆགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།