ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲུབ་འགོག་དང་མཚོ་ལྷགས་འགོག་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ།

འདི་ནི་རོགས་སྐྱོབ་རུ་ཁག་གིས་སྒུལ་ཤུགས་གྲུ་ཟམ་ཆེ་གྲས་སྤྱད་ནས་ཉེན་གྱར་མང་ཚོགས་གནས་སྤོ་བཞིན་པ།

ཉེ་དུས་མཚོ་ལྷགས་དང་རྒྱུན་མཐུད་དྲག་ཆར་བབས་པའི་རྐྱེན་གྱིས། ཀོང་ཤིས་ཀྱི་ཀུའེ་ཀང་གྲོང་ཁྱེར་ཤིས་ཅང་སློབ་གསོ་གླིང་གི་ཐོག་བརྩེགས་ཁང་པ་ཁག་གཅིག་གི་ཐོག་སོ་དམའ་ཁུལ་ཆུས་བསྣུབས་ཏེ་དགེ་སློབ་ཁྲི་1.2ལྷག་ཙམ་ཉེན་ཁའི་གནས་སུ་གྱར་ཡོད། འདི་ནི་ཟླ་7ཚེས་9ཉིན་ཀྲུང་གོ་ཨན་ནེང་རོགས་སྐྱོབ་རུ་ཁག་གིས་སྒུལ་ཤུགས་གྲུ་ཟམ་ཆེ་གྲས་མགྱོགས་མྱུར་བཏང་ནས་སློབ་གསོ་གླིང་གི་ཉེན་གྱར་དགེ་སློབ་ཡོངས་བདེ་འཇགས་ལྡན་པའི་ས་ཆར་གནས་སྤོ་བཞིན་པ།
མིག་སྔར་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གེགས་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཡོད།
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་མཚོ་ལྷགས་ཨང་9པ“པ་ཝེ”ཚེས་12ཉིན་གྱི་ཐོ་རེངས་སུ་ཀྲེ་ཅང་དབུན་ལིང་ནས་ཧྥུའུ་ཅན་ཞ་ཕུའུ་རྒྱུད་ཀྱི་མཚོ་འགྲམ་དུ་ལྡང་རྒྱུ་དང་། སྐམ་སར་རླུང་འཚུབ་ལྡང་སྐབས་མཚོ་ལྷགས་དྲག་པོའམ་ཡང་ན་མཚོ་ལྷགས་རིམ་པར་སླེབས་པ་དང་། རླུང་འཚུབ་ལྡང་རྗེས་ནུབ་བྱང་ནས་བྱང་ཕྱོགས་སུ་ཁ་ཕྱོགས་འགྱུར་ཏེ་ཤུགས་ཚད་རིམ་བཞིན་ཆུང་དུ་འགྲོ་རྒྱུ་རེད། དེའི་རྐྱེན་པས་ནས་ཚེས་10དང11ཉིན་ཀྲེ་ཅང་གི་ཤར་ལྷོའི་རྒྱུད་དང་ཧྥུའུ་ཅན་གྱི་བྱང་ཤར་རྒྱུད་སོགས་སུ་ཆར་པ་ཆེ་བ་ནས་དྲག་ཆར་འབབ་པ་དང་། མ་འོངས་ཉིན་3ནང་ཧྭ་པེ་དང་བྱང་ཤར་ས་ཁུལ་དུ་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ། ཧོ་པེའི་བྱང་ཤར་རྒྱུད་དང་ལེའོ་ཉིང་བྱང་རྒྱུད་ཀྱི་ས་ཁུལ་དུ་དྲག་ཆར་ཆེན་པོ་ནས་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།
ཚེས་10ཉིན་གྱི་ཆུ་ཚོད་18ཐོག་ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མཚོ་ལྷགས་ཀྱི་ལི་མདོག་ཉེན་བརྡ་དང་། དྲག་ཆར་གྱི་ལི་མདོག་ཉེན་བརྡ། གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་ཉེན་བརྡ་སེར་པོ་བཅས་མུ་མཐུད་བཏང་བ་རེད། ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་མཉམ་དུ་ཆུ་ལོག་གནོད་འཚེའི་གནམ་གཤིས་ཉེན་བརྡ་དམར་པོ་བཏང་བ་དང་། རང་བྱུང་ཐོན་ཁུངས་པུས་ཀྲུང་གོ་གནམ་གཤིས་ཅུས་དང་མཉམ་དུ་ས་གཤིས་གནོད་འཚེའི་གནམ་གཤིས་ཀྱི་ལི་མདོག་ཉེན་བརྡ་བཏང་བ་རེད།
ཚེས་10ཉིན་གྱི་སྔ་དྲོ་ཆུ་བེད་པུས་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ནས་མཚོ་ལྷགས“པ་ཝེ”ཡི་ཤུགས་ཚད་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་དྲག་ཆར་དང་ཆུ་ལོག་འགོག་པའི་ལས་དོན་སྔར་བས་བཀོད་སྒྲིག་བྱས་པ་རེད། ཚེས་10ཉིན་གྱི་ཆུ་ཚོད་9པར་ཆུ་བེད་པུས་ཀྲེ་ཅང་དང་ཧྥུའུ་ཅན་ཞིང་ཆེན་གཉིས་ལ་ཆུ་ལོག་འགོག་པའི་IVརིམ་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ནས་ལས་དོན་ཚོགས་ཆུང་2འབྲུབ་འགོག་གི་འཐབ་ས་དང་པོར་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་པར་མངགས་པ་རེད། ཚེས་10ཉིན་གྱི་ཆུ་ཚོད་10པར་ཆུ་བེད་པུས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན(གྲོང་ཁྱེར)3ལ་ཆུ་ལོག་འགོག་པའི་IVརིམ་པའི་འཕྲལ་སྡོམ་བརྡ་ལན་གཏོང་འགོ་ཚུགས་པ་རེད།
ཚེས་10ཉིན་འཕྲལ་སྡོམ་དོ་དམ་པུས་ཀྲེ་ཅང་དང་ཧྥུའུ་ཅན་ལ་དམིགས་ནས་ས་གཤིས་གནོད་འཚེ་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ་དང་ལས་དོན་ཚོགས་ཆུང་མངགས་ནས་ས་གཤིས་གནོད་འཚེར་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། པེ་ཅིང་དང་ཧོ་པེར་དམིགས་ནས་རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱས་པ་རེད།
ཚེས་10ཉིན་ཞིང་ལས་གྲོང་གསེབ་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས་མཚོ་ལྷགས“པ་ཝེ”ལ་འགོག་པ་དང་ཁ་གཏད་གཅོག་རྒྱུ་དེ་མིག་སྔའི་ཞིང་ལས་གྲོང་གསེབ་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་འབྲུབ་འགོག་དང་མཚོ་ལྷགས་འགོག་པའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་དགོས་པའི་བླང་བྱ་བཏོན་པ་རེད། ཚོགས་འདུ་མ་འཚོག་གོང་ཞིང་ལས་གྲོང་གསེབ་པུས་ཀྲུང་གོ་གནམ་གཤིས་ཅུས་དང་མཉམ་དུ་ཞིང་ནང་གི་ཞོད་སྐྱོན་དང་རླུང་སྐྱོན་གྱི་ཉེན་བརྡ་བཏང་བ་དང་ཛ་དྲག་བརྡ་ཐོ་བཀྲམ་ནས་མཚོ་ལྷགས“པ་ཝེ”ལ་འགོག་པ་དང་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་བྱས་པ་རེད།
རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཚེས་10ཉིན་གྱི་ཆུ་ཚོད་18ཐོག་ཀྲེ་ཅང་དང་ཧྥུའུ་ཅན་ལ་དམིགས་པའི་འབྲུབ་འགོག་དང་མཚོ་ལྷགས་འགོག་པའི་འཕྲལ་སྡོམ་དང་ལེན་རིམ་པ་གསུམ་པ་ནས་རིམ་པ་གཉིས་པར་སྤོར་རྒྱུ་དང་ཆུ་ཚོད་19པར་ཧོ་པེ་དང་ལེའོ་ཉིང་ལ་དམིགས་ནས་འབྲུབ་འགོག་གི་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ལས་དོན་ཚོགས་ཆུང་2ཀྲེ་ཅང་དང་ཧྥུའུ་ཅན་ཞིང་ཆེན་གྱི་འཐབ་ཕྱོགས་དང་པོར་འབྲུབ་འགོག་དང་མཚོ་ལྷགས་འགོག་པའི་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་པར་བཏང་བ་རེད།
ཀྲེ་ཅང་ཞིང་ཆེན་འབྲུབ་འགོག་དང་མཚོ་ལྷགས་དང་ཐན་འགོག་བཀོད་འདོམས་པུའུ་ཡིས་ཚེས་10ཉིན་གྱི་ཆུ་ཚོད་16པར་མཚོ་ལྷགས་འགོག་པའི་འཕྲལ་སྡོམ་དང་ལེན་རིམ་པ་གཉིས་པར་སྤོར་རྒྱུའི་གཏན་འབེབས་བྱས་ཤིང་། ཚེས་10ཉིན་གྱི་ཆུ་ཚོད་18པར་ཀྲེ་ཅང་མཚོ་དོན་ཅུས་ཀྱིས་རིམ་པ་དང་པོའི་མཚོ་ལྷགས་འགོག་པའི་འཕྲལ་སྡོམ་དང་ལེན་བྱས་པ་རེད། ཚེས་10ཉིན་གྱི་ཆུ་ཚོད་18པའི་བར་དུ། ཀྲེ་ཅང་མཚོ་རྒྱུད་གྲུ་ཁའི་ཐོན་སྐྱེད་དང་ལས་སྒྲུབ་བྱེད་མཚམས་བཞག་པ་དང་། མཚོ་རྒྱུད་ཀྱི་འགྲུལ་སྐྱེལ་མཚོ་ལམ་163ཚང་མ་མཚམས་བཞག་པ། ཆུ་འབྲེལ་ལས་གྲྭ་208ཚང་མ་ལས་མཚམས་བཞག་པ། འབྲེལ་ཡོད་ཀྱི་གྲུ་གཟིངས་ཚང་མ་བདེ་འཇགས་ཆུ་ཁོངས་སུ་མཚོ་ལྷགས་ལ་གཡོལ་དུ་བཅུག་པ། འབྲེལ་མེད་མི་སྣ་ཚང་མ“ཕྱིར་འཐེན་བྱེད་དགོས་རིགས་ཕྱིར་འཐེན་བྱེད་དགོས་པའི”བླང་བྱ་གཞིར་བཟུང་མཚོ་ངོགས་སུ་སྤོས་པ་བཅས་རེད།
ཚེས་10ཉིན་གྱི་ཆུ་ཚོད་16དང་སྐར་མ་30པར། ཧྥུའུ་ཅན་ཞིང་ཆེན་འབྲུབ་འགོག་དང་མཚོ་ལྷགས་དང་ཐན་འགོག་བཀོད་འདོམས་པུའུ་ཡིས་མཚོ་ལྷགས་འགོག་པའི་འཕྲལ་སྡོམ་དང་ལེན་རིམ་པ་གཉིས་པར་སྤོར་རྒྱུའི་གཏན་འབེབས་བྱས་ཤིང་། ཧྥུའུ་ཅན་མཚོ་དོན་ཅུས་ཀྱིས་མཚོ་ལྷགས་འགོག་པའི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས་ནས། འགྲུལ་པ་སྐྱེལ་འདྲེན་གྱི་མཚོ་ལམ་དང་། གྲུ་ཁ། ཆུ་ཐོག་ཨར་སྐྲུན་ལས་སྒྲུབ་རྣམ་གྲངས་སོགས་ལ་མཚོ་འགྲུལ་དང་ལས་ཀ་བྱེད་མཚམས་འཇོག་ཏུ་བཅུག་ཏེ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་གྲུ་གཟིངས་བདེ་འཇགས་གནས་སུ་སྤོས་པ་དང་མི་སྣ་ཕྱིར་འཐེན་བྱེད་དུ་བཅུག་པ་རེད།
ཟླ་7ཚེས་5ཉིན་ནས་བཟུང་། མཚོ་ལྷགས“མེ་ཧྲ་ཁེ”ཡི་རྐྱེན་པས་ཀོང་ཤིས་ཀྱི་ས་ཆ་མང་པོར་ཆུ་ལོག་གི་གནས་ཚུལ་ཐོན་ཡོད། གསར་འགོད་པས་རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་10ཉིན་གྱི་ཆུ་ཚོད་12བར། ཀོང་ཤིས་ལྗོངས་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་ལ་འབྲུབ་འགོག་ཉེན་སེལ་རོགས་སྐྱོབ་ཀྱི་འབྲེལ་ཡོད་ཉེན་བརྡའི་སྙན་སེང་ཁག་4428འབྱོར་བ་དང་ཀོང་ཤིས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཁྱོན་མི་2820དང་། རླངས་འཁོར་472 གྲུ་གཟིངས་325བཅས་བཏང་བ་མ་ཟད། མེ་གསོད་རོགས་སྐྱོབ་མི་སྣ་མི་ཐེངས་14373དང་། མེ་ཟོན་རླངས་འཁོར་ཐེངས་3029 གྲུ་གཟིངས་ཐེངས་2480བཅས་ཀྱང་བཏང་ནས་རིམ་རྩིས་བརྒྱབ་ན་མང་ཚོགས་ཁྲི་2.1ལྷག་ཙམ་སྐྱོབ་པ་དང་། ཁ་འགྲེམས། གནས་སྤོ་བཅས་བྱས་ཤིང་། རིམ་རྩིས་བརྒྱབ་ན་ཆུ་འབུད་དང་ཞོད་བཤངས་ཏུན་ཁྲི་18བྱས་པ་དང་དངོས་ཟོག་ཁྲི་3ལྷག་ཙམ་བསྐྱལ་བ་རེད།
ཉེ་དུས་རང་རྒྱལ་གྱི་ས་ཆ་མང་པོར་གནམ་གཤིས་ཧ་ཅང་ངན་པ་བསྟན་པའི་གནས་ཚུལ་ལ་དམིགས་ནས། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཚེས་10ཉིན་བཟོ་ཚོགས་ཀྱི་གེགས་སེལ་མ་དངུལ་སྒོར་ཁྲི་1350བཏང་སྟེ་ཀོང་ཤིས་དང་། ཧུའུ་པེ། ཀན་སུའུ། ཀུའེ་ཀྲོའུ། ཧུའུ་ནན། ཁྲུང་ཆིང་བཅས་ཀྱི་བཟོ་ཚོགས་ལ་རྒྱབ་སྐྱོར་བྱས་ནས་ཉེན་སེལ་གེགས་སེལ་གྱི་ལས་དོན་སྤེལ་བ་དང་། མ་དངུལ་གཙོ་བོ་དག་གེགས་བར་བྱུང་བའི་ལས་བཟོ་དང་ཉེན་སེལ་གེགས་སེལ་མི་སྣར་སྤྱད་པ་རེད།
འབྲེལ་ཡོད་གསར་འགྱུར།