ཧོར་གོ་སིར་ཕྱི་རྒྱལ་གྱི་ཚོང་པ“སྐུ་མགྲོན”ནས“ནང་མིར”གྱུར་པ།
ཧོར་གོ་སི་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབྱི་ལི་ཧ་སག་རིགས་རང་སྐྱོང་ཀྲོའུ་རུ་གནས་ཡོད། སོག་སྐད་དུ་ཧོར་གོ་སི་ཞེས་པ་ནི“རྔ་མོང་རུ་ཁག་སྐྱོད་སའི”དོན་ཡིན། ལོ་རྒྱུས་ཐོག་དེ་གའི་མྱ་ངམ་ཐང་ནི་རྔ་མོང་དེད་ནས་ཚོང་རྒྱག་མཁན་དར་ལམ་ཚོང་པ་མང་པོའི་ཚ་ཕོག་རྒྱག་ས་ཡིན་པ་རེད།
ད་ཆ། རྒྱལ་ཁབ་ཀྱིས་ནུབ་ཕྱོགས་སུ་སྒོ་མོ་དབྱེ་བའི་འཐབ་ས་མདུན་མར་གནས་པའི་ཧོར་གོ་སིར་མཐའ་མཚམས་ཁུལ་དང་། འགག་སྒོའི་གྲོང་། ཚོང་དོན་རྣམ་པ། རྒྱལ་སྤྱི་ཅན་བཅས་ཀྱི་ཁྱད་ཆོས་གཞི་གཅིག་ཏུ་འདུས་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཧོར་གོ་སི་རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས(གཤམ་དུ“མཉམ་ལས་ལྟེ་གནས”ཞེས་བསྡུ་རྒྱུ)དང་ཀྲུང་གོའི(ཤིན་ཅང)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ཧོར་གོ་སི་ཡུག་ཁུལ་སོགས་སྒོ་དབྱེའི་ལས་སྟེགས་མང་པོར་བརྟེན་ནས། ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་རྒྱུན་མཐུད་ལག་ལེན་བསྟར་བའི་ལམ་ལུགས་ཀྱི་ཁེ་སྤོགས་མང་པོ་ཐོབ་པས། དེ་ག་ནི་ཨེ་ཤེ་ཡ་དབུས་མ་དང་ཡོ་རོབ་ཀྱི་ཚོང་པས་མ་འཇོག་ལས་དར་བྱེད་ཡུལ་གྱི་ཞིང་ས་གཤིན་པོ་ཞིག་ཏུ་གྱུར་ཏེ། ཕྱི་རྒྱལ་གྱི་ཚོང་པ་དེ་བས་མང་པོ་ཞིག“ཧོར་གོ་སིར་སྐྱོད་མཁན”ནས“ཧོར་གོ་སིར་ལོག་མཁན”ལ་གྱུར་ཡོད།
ཧོར་གོ་སི་འགག་སྒོ་ནི་གྲོང་ཁྱེར་དེའི་སྐར་ཁུང་ལྟ་བུ་ཡིན། ཧོར་གོ་སི་གཞུང་ལམ་འགག་སྒོར་ཚོང་ཟོག་བྱུར་བུར་བླུགས་པའི་རྒྱལ་སྒྲོལ་ཟོག་འདྲེན་རླངས་འཁོར་མང་པོ་བརྒྱུད་རིམ་ལྡན་པའི་ངང་སྐྱོད་བཞིན་ཡོད་པ་དང་། འགག་སྒོའི་གཅིག་སྡུད་ཞིབ་བཤེར་བྱ་ཡུལ་དུ་ཞིབ་བཤེར་དང་། ཐོ་འགོད། གཏོང་བ་བཅས་བརྒྱུད་རིམ་ཧྲིལ་པོའི་ལས་ཀ་སྦྲེལ་མཐུད་ནུས་ལྡན་ཡོད་པ་རེད།
ཐོན་རྫས་རྗེན་པ་དང་སོས་པ་འགག་སྒོ་ནས་སྒྲོལ་འགོར་བ་དང་ཟད་གྲོན་ཆེ་བའི་དཀའ་གནད་སེལ་ཆེད། ཧོར་གོ་སི་འགག་སྒོས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཞིང་ཞོར་ཐོན་རྫས་འགག་སྒོ་མྱུར་སྒྲོལ་གྱི“ཐོགས་མེད་བགྲོད་ལམ”བཙུགས་ཏེ་སྔོན་ལ་ཞིབ་བཤེར་དང་སླེབས་འཕྲལ་གཏོང་བའི་སྟབས་བདེའི་བྱེད་ཐབས་སྤྱད་པས། “སྔ་དྲོ་ཤིང་འབྲས་སོས་པ་བཏོག་ཚེ་ཉིན་དེར་འགག་སྒོ་སྒྲོལ་ཐུབ་པ་དང་མཚན་མོར་ཁྲོམ་རར་འདོན་ཐུབ་པའི”ཕྱི་ཕྱོགས་ཚོང་དོན་གྱི་ལས་རྣམ་གསར་པ་ཞིག་ཆགས་ནས་ཀྲུང་གོའི་སྤུས་ལེགས་ཞིང་ལས་ཐོན་རྫས་སོས་པ་མགྱོགས་མྱུར་ཕྱིར་གཏོང་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་། ནུས་གསར་རླངས་འཁོར་ཕྱིར་གཏོང་བྱ་རྒྱུ་དེ་ཧོར་གོ་སིའི་ཕྱི་ཕྱོགས་ཚོང་དོན་འཕར་བའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། ཧ་སག་སི་ཐན་དང་ཀྲུང་གོའི་དབར་ཕར་འགྲོ་ཚུར་འོང་བྱེད་མཁན་ཧ་སག་སི་ཐན་གྱི་ཚོང་པ་ཧེང་པ་ཐིས་ཨེ་ཤེ་ཡ་དབུས་མའི་ཁྲོམ་རར་ཀྲུང་གོའི་ནུས་གསར་རླངས་འཁོར་དགོས་མཁོ་ཆེན་པོ་ཡོད་པ་ཤེས་ནས་གོ་སྐབས་དམ་འཛིན་གྱིས་ཧོར་གོ་སིར་ཀུང་སི་ཐོ་འགོད་བྱས་ཏེ་ནུས་གསར་རླངས་འཁོར་ཕྱིར་གཏོང་གི་ཟོག་འགྲུལ་ལས་ཀ་བྱེད་ཀྱི་ཡོད་པ་རེད།
ནུས་གསར་རླངས་འཁོར་རྒྱལ་མཚམས་སྒྲོལ་ནས་ཕྱིར་གཏོང་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བར་རམ་འདེགས་བྱ་ཆེད། ཧོར་གོ་སི་འགག་སྒོས“ཆེད་མིས་འགག་སྒྲོལ་ཚོང་སྒྱུར་རླངས་འཁོར་བཏང་ནས་མགྱོགས་མྱུར་འགག་སྒོ་སྒྲོལ་སྟངས”བཏོན་ནས་དྲ་ཕྱིའི་བརྒྱུད་རིམ་ཉུང་དུ་ཤུགས་ཆེན་བཏང་བ་དང་ཆབས་ཅིག བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་རྒྱུ་ཁྱབ་གདལ་བཏང་ནས་རླངས་འཁོར་འགག་སྒོ་སྒྲོལ་བའི་ཆ་སྙོམས་དུས་ཡུན་ཆུ་ཚོད་30ལྷག་ནས་ཆུ་ཚོད་5བར་ཐུང་དུ་བཏང་བ་རེད། ཚད་ལྡན་ཅན་གྱི་བརྒྱུད་རིམ་དང་། རིག་ནུས་ཅན་གྱི་ཞབས་ཞུ། དུས་དང་རྣམ་པ་ཀུན་གྱི་འགན་ལེན་བཅས་ལས་ཧེང་པ་ཐིའི་རླངས་འཁོར་ཟོག་འགྲུལ་ཞབས་ཞུའི་དུས་འཁོར་ལ་ཚོད་འཛིན་ཐུབ་ནས་རྩིས་སྤྲོད་སྤུས་ཚད་ལེགས་སུ་ཕྱིན་ཡོད་པ་རེད།
མཉམ་ལས་ལྟེ་གནས་ཀྱི་ཁྲོམ་གཞུང་གི་ཚོང་ཁང་ཁག་ཏུ་འཛད་སྤྱོད་པ་ཧ་ཅང་མང་པོ་ཡོད་པ་དང་། སྐད་རིགས་མང་པོའི་རྒྱལ་སྒྲོལ་དྲ་ཚོང་ཐད་གཏོང་རྟེན་གཞིར་མངགས་ཐོ་མང་པོ་རག་ཡོད་པ་རེད། ཁྲལ་སྲུང་དང་། ཁྲལ་ཆག ཁྲལ་སློག་བཅས་སྲིད་ཇུས་ཆེན་པོ་གསུམ་གྱི་ལེགས་ཆར་བརྟེན་ནས། ས་གནས་དེ་གའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བས། ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོའི་ཁྲོམ་རར་སྦྲེལ་མཐུད་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་སྒྲོལ་ཐད་གཏོང་གི་ལས་རྣམ་གསར་པ་ཧོར་གོ་སིར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། ཕྱི་ཕྱོགས་ཚོང་དོན་ཕྱོགས་སྒྱུར་རིམ་སྤོར་གྱི་བསྡུས་རིས་ལྟ་བུར་གྱུར་ཡོད་པ་རེད།
2025ལོར་ཀྲུང་གོའི(ཤིན་ཅང)རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཧོར་གོ་སི་ཡུག་ཁུལ་གྱི་རྒྱལ་སྒྲོལ་དྲ་ཚོང་གི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་309.7ཟིན་པ་དེ་དུས་མཚུངས་ལས་288.9%འཕར་བ་དང་། ད་ཆ་མཉམ་ལས་ལྟེ་གནས་ཀྱི་ཚོང་དོན་ཐོག་ཁང་དུ་ཐད་གཏོང་ཁང་20ལྷག་ཙམ་ནས་ཚ་ཚ་འུར་འུར་ངང་ཐད་གཏོང་གིས་མཛེས་བཟོ་དང་། རྒྱན་གོས། ཉིན་མཁོའི་དངོས་ཟོག་སྣ་ཚོགས་སོགས་ཀྲུང་གོའི་ཚོང་ཟོག་ཨེ་ཤེ་ཡ་དབུས་མ་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་འཚོང་བཞིན་ཡོད།
ཉེ་དུས་མཉམ་ལས་ལྟེ་གནས་ཀྱི་དངུལ་སྤྲོད་ལག་བསྟར་ཇུས་གཞི་སོགས་སྲིད་ཇུས་ཀྱི་སྐུལ་འདེད་འོག མཉམ་ལས་ལྟེ་གནས་དེའི་བཟའ་བཏུང་དང་། སིལ་ཚོང་། ཞག་སྡོད་བཅས་ཀྱི་ཚོང་དུད་80%ལྷག་ཙམ་གྱིས་དྲ་ཕྱིའི་POSའཕྲུལ་ཆས་ཀྱི་མཐའ་སྣེ་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པ་རེད། རིམ་སྤོར་བྱས་རྗེས་ཀྱི་POSའཕྲུལ་ཆས་ཀྱི་མཐའ་སྣེས་མི་དམངས་ཤོག་སྒོར་དང་ཧ་སག་སི་ཐན་གྱི་དངུལ་ལོར་ཅན་ཀོ་གཉིས་ཀ་སྤྱོད་ཆོག་པ་མ་ཟད་མངའ་ཁོངས་ཕྱིའི་ཡིད་རྟོན་གཱ་དང་དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་སྒུལ་བདེའི་དངུལ་སྤྲོད་ཆས་སྣ་ཚོགས་ཀྱིས་དངུལ་སྤྲད་པ་བདག་སྤྲོད་བྱེད་ཀྱི་ཡོད་པས་རྒྱལ་སྒྲོལ་འཛད་སྤྱོད་ཀྱི་དངུལ་སྤྲོད་སྟབས་བདེ་རུ་ནུས་ལྡན་ཕྱིན་ཡོད།
ཡར་ངོའི་ཟླ་ལྟར་འཕེལ་བའི་ཉོ་ཚོང་གིས་ཧོར་གོ་སི་འདི་ཉིད་ཕྱི་རྒྱལ་གྱི་ཚོང་པའི་ཕ་ཡུལ་གཉིས་པར་གྱུར་ཡོད།
ཕྱི་རྒྱལ་གྱི་ལས་གཏོད་པ་གྲོང་ཁྱེར་དེར་མཉམ་འདྲེས་བྱུང་བའི་གཏམ་རྒྱུད་ཀྱི་རྒྱབ་ཏུ་ཧོར་གོ་སི་གྲོང་ཁྱེར་ལ་བཅོས་སྐྱོང་བྱེད་པའི་ཁྲོད་ཀྱི་དྲོད་འཁོལ་རེད། དེར་བརྟེན་ཚོང་པ་དེ་བས་མང་བ་དེར་འགྲོ་འདོད་བྱེད་ཀྱི་ཡོད་ལ་ཕ་ཡུལ་གཉིས་པར་བརྩིས་ནས་དེར་ལོག་འདོད་ཀྱང་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།