དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལྷག་བསམ་དཀར་པོས་འགྲོ་བའི་ནད་གདུང་སེལ། ས་མཐོའི་ཡུལ་ལུང་བདེ་ཐང་གནས་ལ་འཁོད།

    མཚོ་སྔོན་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆའོ་ཏུང་། པེ་ཅན་ཧྥུང་།   |     སྤེལ་དུས།  2026-07-13

    འདི་ནི་མཚོ་སྔོན་དར་ལག་རྫོང་གི་ཆུ་ལག་མང་བའི་རྨ་ཆུའི་ཆུ་རྒྱུད་ཡིན་པ།

    འདི་ནི་མཚོ་སྔོན་རྨ་ཆེན་རྫོང་སྨན་ཁང་Bསྒྲ་རླབས་ཚན་ཁག་གི་ཀྲུའུ་རེན་འཕགས་མོ་མཚོ(གཡོན་གྱི་དང་པོ)ཡིས་རུ་སྣེ་ཁྲིད་དེ་འབྲོག་ཁྱིམ་དུ་བསྐྱོད་ནས་འཁྱེར་བདེའི་Bསྒྲ་རླབས་འཕྲུལ་ཆས་ལ་བརྟེན་ནས་ནད་གཞི་བརྟག་བཞིན་པ།

    མཚོ་སྔོན་མགོ་ལོག་ཀྲོའུ་ཡིས་ཐབས་མང་མཉམ་སྤྱོད་ཀྱིས་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བཞིན་ཡོད་ཅིང་། འདི་ནི་སྐྱེ་ཁམས་ལྟ་སྲུང་བ་ཞིག་གིས་གད་སྙིགས་སྒྲུག་བཞིན་པ།

    འདི་ནི་མཚོ་སྔོན་དར་ལག་རྫོང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ལུའོ་ཧུང་ཅ(གཡས་ཀྱི་དང་པོ)དང་ཡོན་ཆིང(གཡས་ཀྱི་གཉིས་པ)གིས་འབྲོག་པར་བདེ་ཐང་འཚོ་བའི་ལག་དེབ་སྤྲོད་བཞིན་པ།

    ཟླ་དྲུག་པར་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་གནས་ཡུལ་དུ་རྩྭ་རྩི་ཤིང་སྔོན་པོ་ཆགས་པ་དང་། ཨ་མྱེས་རྨ་ཆེན་སྤོམ་རར་ན་བུན་གྱི་དར་དཀར་འཐེན་ཞིང་། དངུལ་མདོག་གི་འཁྱགས་རོམ་གོས་སུ་བཀླུབས རྩྭ་གསེབ་ནས་འཕྱི་བས་མགོ་བོ་ཡང་ཡང་བཏེགས་ནས་ཕར་ལྟ་ཚུར་ལྟ་བྱེད་པ་དང་གང་ཙམ་ནས་ཁ་བསྐོར་ཏེ་ས་དོང་ནང་འཛུལ་འགྲོ་བས། གང་དེར་བྱིལ་བྱིལ་བྱེད་འདོད་ཀྱི་བློ་ཞིག་དབང་མེད་དུ་སྐྱེས་འོངས།

    “ཐུམ་འབུའི་ནད་མི་འགོ་བ་བྱ་ཆེད་ལག་པས་གང་བྱུང་དུ་རེག་པ་དང་ལྟོ་སྟེར་བ་སོགས་བྱེད་མི་རུང”ཞེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་སྨན་པ་ཞ་ཧུའེ་ཡིས་དེ་ལྟར་དྲན་སྐུལ་བྱས།

    རང་རྒྱལ་ནི་ཐུམ་འབུའི་ནད་མཆེད་ཚབས་ཆེ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཞིང་། ཐུམ་འབུའི་ནད་དེ་གཙོ་བོ་ནུབ་རྒྱུད་ཞིང་འབྲོག་ཁུལ་དུ་ཁྱབ་ནས་མི་འབོར་ཁྲི་6000ཙམ་ལ་གནོད་འཚེ་བཟོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཐུམ་འབུའི་ནད་འགོག་བཅོས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཐུམ་འབུའི་ནད་བབ་སྤྱིར་ན་ཚོད་འཛིན་བརྟན་པོ་ཐུབ་སྟེ། རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་ཁྱབ་ཆེ་བའི་རྫོང་50%ཡན་རིམས་ནད་ཚོད་འཛིན་ཐུབ་པའི་ཚད་གཞིར་སླེབས་ཡོད། 《རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་སོགས་གཙོ་གནད་གཞན་བརྟེན་སྲིན་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལག་བསྟར་ཇུས་གཞིར(2024ལོ་ནས་2030ལོ་བར)》གཞིགས་ཚེ། 2030ལོར་སླེབས་སྐབས་ཐུམ་འབུའི་ནད་ཁྱབ་ཆེ་བའི་རྫོང་ཚང་མ་རིམས་ནད་ཚོད་འཛིན་ཐུབ་པའི་ཚད་གཞིར་སླེབས་རྒྱུ་རེད།

    ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀར་འགོ་བའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་པ་མ་ཟད། མཚོ་བོད་ས་མཐོའི་ས་ཁུལ་དུ་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་བྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་རེད། མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་སུ་ཐུམ་འབུའི་ནད་མཆེད་ཚབས་ཆེ་ཤོས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ཡིན་པ་དང་། དེའི་ནང་མགོ་ལོག་ཀྲོའུ་ཡི་རྫོང་ཁག་གཅིག་ལ་ནད་གཞི་དེ་རིགས་ཕོག་ཚད་12%ཡན་ཟིན་གྱི་ཡོད། 2006ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་ཀྲུང་དབྱང་གིས་ས་གནས་ལ་སྤྱི་པའི་འཕྲོད་བསྟེན་གལ་ཆེན་གྱི་ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་ཀྱི་ཐུམ་འབུའི་ནད་འགོག་བཅོས་རྣམ་གྲངས་ལག་ལེན་བསྟར་ཞིང་། མིག་སྔར་རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་མཆེད་ཁུལ་39ཚང་མར་ཁྱབ་ཡོད་པ་རེད། 2012ལོར་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་མཆེད་ཚུལ་ལ་བརྟག་དཔྱད་བྱས་པ་ལས་མངོན་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་དུ་ཐུམ་འབུའི་ནད་ཕོག་ཚད་0.63%དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་0.24%ཟིན་གྱི་ཡོད། འབད་བརྩོན་ལྷོད་མེད་བྱས་མཐར་མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ཐུམ་འབུའི་ནད་ཕོག་ཚད་0.1%བར་ཆག་པ་དང་། མགོ་ལོག་ཀྲོའུ་རུ་0.64%མན་དུ་ཆག་ཡོད་པ་རེད།

    མཚོ་སྔོན་གྱི་རི་ཆུ་མཛེས་ཀྱང་། ཐུམ་འབུའི་ནད་ནི་སྔར་ནས་ད་བར་མཚོ་སྔོན་གྱི་དཀའ་གནད་ཅིག་ཏུ་གྱུར་ཡོད། ལོ་20ཡི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་བྱ་སྤྱོད་ཟམ་མི་ཆད་པར་སྤེལ་ནས་ས་མཐོའི་ཐུམ་འབུའི་ནད་བཅོས་པའི་ཟིལ་རླབས་དགུང་འཕྱུར་གྱི་ལས་ལ་གཞོལ་ཡོད།

    གསོ་རིག་གི་སྟོང་ཆ་བསྐངས་ནས་མཆིན་མཁྲིས་ཕྱི་བཅོས་ཚན་ཁག་གི་དཀའ་གནད་བསལ་བ།

    ལོ་མང་རྗེས་ལ། ཐུམ་འབུའི་ནད་ཕོག་པའི་ནད་པ་ལ་ན་ཚ་ཐེངས་དང་པོ་ལྟ་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ཡོན་ཀྲང་ཏུང་ཅ་ཧུང་གིས་ད་དུང་ཡང་སེམས་སྡུག་ཆེན་པོ་བྱེད་བཞིན་མཆིས།

    “ལོ་10ལྷག་ཙམ་གྱི་གོང་། ང་ལ་མཚོ་སྔོན་ནས་ལོ་བཅུ་ཙམ་ལ་སླེབས་པའི་བུ་ཤ་རིད་ལ་གྲོད་ཁོག་ཆེ་ཞིང་སྲོག་ཉེན་ལ་ཐུག་པ་ཞིག་འཕྲད་པ་དང་། དེའི་རྗེས་སུ་ཡང་ལོ་73ལ་སླེབས་པའི་རྨོ་བོ་ཞིག་འཕྲད་པ་དང་། ་རྨོ་བོའི་ཁྱིམ་གྱི་མི་རབས་གསུམ་གྱི་ནང་མི་བཅུ་གཅིག་པོ་ཚང་མར་ཐུམ་འབུའི་ནད་ཕོག་ནས་ནང་མི་10གྲོངས་ཟིན་པ་དང་ད་ཆ་ཁོང་རང་ཧྲེང་ཧྲེང་དུ་ལུས་འདུག”

    མིག་མཐོང་ལག་ཟིན་དེ་དག་གིས་ཏུང་ཅ་ཧུང་གི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་ཤིང་། དེ་ནས་བཟུང་ཐུམ་འབུའི་ནད་རྩ་བཅོས་བྱ་རྒྱུ་དེ་ཁོང་གིས་ཨུ་ཚུགས་མཐའ་སྐྱེལ་བྱེད་པའི་བྱ་བ་ཞིག་ཏུ་གྱུར།

    མཚོ་བོད་མཐོ་སྒང་ནི་ཐུམ་འབུའི་ནད་མཆེད་མང་བའི་ས་ཆ་ཞིག་ཡིན་དོན་ནི། འབྲོག་ཁུལ་དང་ཞིང་ཁུལ་ཕན་ཚུན་འདྲེས་ནས་ཡོད་པའི་ཁར་སྒོ་ཁྱི་གང་སར་གློད་པ་དང་། ཕྱུགས་ཟོག་མཉམ་དུ་གསོ་བའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་འཇགས་པ་དང་། ད་དུང་ནད་སྲོག་ཆགས་ནས་མི་ལ་མི་འགོ་བའི་ཐབས་ཤེས་ཡག་པོ་ཞིག་རྙེད་མེད་པ་བཅས་ཀྱིས་ཐུམ་འབུ་དེ་རིགས་མཆེད་སླ་མོ་ཆགས་ཡོད།

    2015ལོ་ནས་བཟུང་། ཏུང་ཅ་ཧུང་གིས་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ཚོགས་པའི་སྣེ་ཁྲིད་དེ་ས་བབ་མཐོ་བའི་ས་ཁུལ་ལ་ཐེངས་30ལྷག་ཙམ་བསྐྱོད་པར་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་10ལྷག་ཙམ་ཟིན་ཞིང་། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་2ལྷག་ཙམ་ལ་གྲལ་བཤེར་དང་། ཐུམ་འབུའི་ནད་གཤགས་བཅོས་ཐེངས་1400ལྷག་ཙམ། གཞི་རིམ་གྱི་སྨན་པ་མི་ཐེངས་བརྒྱ་ཙམ་ལ་སློབ་ཁྲིད་བཅས་བྱས་ཡོད།

    2019ལོའི་ཟླ་བཅུ་གཅིག་པར། ཏུང་ཅ་ཧུང་གི་སྣེ་ཁྲིད་འོག་ཀྲུང་གོའི་སྨན་པའི་མཐུན་ཚོགས་ཀྱི་ཐུམ་འབུའི་ནད་རྩ་བཅོས་བྱ་སྤྱོད་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་བཙུགས་ནས“ཐུམ་འབུའི་ནད་རྩ་བཅོས་ཀྱི་འཆར་གཞི”བཏོན་པ་དང་། དེའི་ནང་རྒྱལ་ཡོངས་ཀྱི་མཆིན་མཁྲིས་ཕྱི་ནད་ཚན་ཁག་གི་ལག་རྩལ་སྔོན་ཐོན་སྨན་ཁང་47ཞུགས་ཡོད།

    2016ལོའི་ཟླ་12ཚེས་5ཉིན། ཏུང་ཅ་ཧུང་ཚོགས་པས་ལུས་ཕྱིར་མཆིན་པ་གཅོད་བྲེག་དང་རང་ལུས་སུ་མཆིན་པ་སྤོ་འཛུགས་ཟུང་དུ་འབྲེལ་བའི་མཆིན་པའི་ཐུམ་འབུའི་ནད་གཤགས་བཅོས་ལེགས་གྲུབ་བྱུང་ནས་གོ་ལ་ཧྲིལ་པོར་ལག་རྩལ་དེ་རིགས་མཆིན་པའི་ཐུམ་འབུའི་ནད་སྨན་བཅོས་བྱེད་པར་སྤྱོད་མཁན་ཚོགས་པ་དང་པོར་གྱུར་ཡོད། ནད་པ་དེ་ནི་ལོ་58ལ་སླེབས་པའི་བོད་རིགས་འབྲོག་པ་ཞིག་ཡིན་པ་དང་། མཆིན་པའི་ཐུམ་འབུའི་ན་ཚ་རྙིང་པ་ཆགས་པའི་རྐྱེན་གྱིས་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་པ་རེད། གཤགས་བཅོས་ཆུ་ཚོད་14བྱས་མཐར་ནད་པ་དེ་སྲོག་ཉེན་ལས་ཐར་ནས་སླར་ཡང་ཚེ་སྲོག་གསར་པ་ཐོབ་ཡོད།

    ཏུང་ཅ་ཧུང་གིས“མཆིན་པའི་ཐུམ་འབུའི་ནད་ཚང་མ་སྨན་བཅོས་ཐུབ་པ་བྱ་རྒྱུ་ནི་ངའི་ཚེ་གང་གི་བསམ་འདུན་ཆེ་ཤོས་དེ་ཡིན། དཀའ་རྙོག་ཆེ་བའི་ཐུམ་འབུའི་ནད་ཀྱི་ནད་དཔེར་གཞིགས་ནས་ང་ཚོས་ཕྱི་ནད་ཚན་ཁག་གི་རྩེར་སོན་ལག་རྩལ་རབ་དང་རིམ་པ་འཚོལ་ཞིབ་སྒོས་བེད་སྤྱད་པས། རྒྱལ་སྤྱིའི་གསོ་རིག་གི་སྟོང་ཆ་རེ་རེ་བཞིན་བསྐངས་ཐུབ་ནས་ཐུམ་འབུའི་ན་ཚ་རྙིང་པ་ཆགས་པའི་ནད་པ་བརྒྱ་ཕྲག་ཁ་ཤས་ཀྱི་སྲོག་བསྐྱབས་ཐུབ་ཡོད”ཅེས་བརྗོད།

    Bསྒྲ་རླབས་ཀྱི་སྐོར་སྐྱོད་ཚན་ཁག་བཙུགས་ནས་AIཡིས་ཐུམ་འབུའི་ནད་འགོག་བཅོས་ལ་མཐུན་རྐྱེན་སྦྱར་བ།

    ཟི་ལིང་ནས་ཐོན་ཏེ་གསེར་ཆེན་གཤོང་ས་དང་བྲག་དཀར་གཤོང་ས་བརྒྱུད་སྤྱི་ལེ་400ལྷག་ཙམ་བསྐྱོད་མཐར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོའི་ཁུལ་དུ་འབྱོར་བ་དང་། དེ་ནས་ཤར་ཕྱོགས་སུ་བསྐྱོད་ཚེ་མགོ་ལོག་ཀྲོའུ་རྨ་ཆེན་རྫོང་དུ་སླེབས་ཀྱི་ཡོད།

    རྨ་ཆེན་རྫོང་སྨན་ཁང་གི་Bསྒྲ་རླབས་ཚན་ཁག་གི་ཀྲུའུ་རེན་འཕགས་མོ་མཚོ་ལས་ཀར་ཞུགས་ནས་ལོ་12འགྲོ་ཡི་ཡོད། དེ་སྔ་ཁོང་གིས་འབྲོག་པ་མང་པོ་ཞིག་གི་གྲོད་པ་ཆེན་པོ་ཡོད་པ་མཐོང་མྱོང་མོད། འོན་ཀྱང་དེ་ནི་མཆིན་པའི་ཐུམ་འབུའི་ནད་ཀྱི་རྐྱེན་ལས་བྱུང་བ་ཡིན་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། ཁོང་གིས“དེ་སྔ་བརྟག་དཔྱད་ཡོ་ཆས་དེ་ཙམ་ཡག་པོ་མེད་པས་མཆིན་པ་མཁྲེགས་པོ་ཆགས་པ་རེད་བསམ་གྱི་ཡོད”ཅེས་བཤད། ཕྱིས་སུ་Bསྒྲ་རླབས་འཕྲུལ་ཆས་སྔར་བས་ཡག་ཏུ་སོང་བ་དང་བསྟུན་ནས་འཕགས་མོ་མཚོས་ཐུམ་འབུའི་ནད་ལ་བརྟག་དཔྱད་དེ་བས་གནད་ལ་འཕིགས་པ་བྱེད་ཐུབ་ཀྱི་ཡོད། “འབྲོག་པ་ཚོའི་ཆུ་གྲང་མོ་འཐུང་བ་དང་ཤ་རྗེན་པ་ཟ་བའི་གོམས་གཤིས་ལས་ན་ཚ་དེ་ཡོང་གི་ཡོད། སྐབས་རེ་འབྲོག་པ་ཚོ་རི་སྟེང་དུ་ཕྱུགས་འཚོས་ནས་སྡོད་སྐབས་སྣང་བ་མེད་པར་རྩྭ་འཇག་མས་སོ་སྔོག་གི་ཡོད། འོན་ཀྱང་རྩྭ་དེ་དག་ལ་ཐུམ་འབུའི་སྒོ་ང་འབྱར་ཡོད་པ་ཤེས་ཀྱི་མེད”ཅེས་ཞ་ཧུའེ་ཡིས་བཤད་པ་དང་། ཁོང་གིས་ས་མཐོའི་འབྲོག་པའི་འཚོ་བའི་གོམས་གཤིས་ནི་ཐུམ་འབུའི་ནད་འགོ་རྐྱེན་གཙོ་བོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཞ་ཧུའེ་ཡིས“ཐུམ་འབུའི་ནད་ལ་འབྱུང་ཁུངས་གཙོ་བོ་གཉིས་ཡོད་པ་སྟེ། གཅིག་ནི་ཁྱི་སྐྱག་དང་། གཅིག་ཤོས་ནི་སྤྱང་ཀི་དང་ཝ་མོ་སོགས་རི་སྐྱེས་སྲོག་ཆགས་ཀྱི་སྐྱག་གཅིན་རེད། གཞན་ཡང་མཚོ་སྔོན་དུ་ཨ་བྲ་གང་སར་མཐོང་རྒྱུ་ཡོད་པས་དེས་ཀྱང་ནད་གཞི་མཆེད་པའི་ཉེན་ཁ་ཆེ་རུ་འགྲོ་ཡི་ཡོད”ཅེས་བརྗོད།

    ཐུམ་འབུའི་ནད“སྐོར་སྐྱོད་གྲལ་བཤེར་རུ་ཁག”གི་ཁོངས་མི་ཞིག་གི་ངོས་ནས་འཕགས་མོ་མཚོ་འབྲོག་ཁྱིམ་མང་པོར་ནད་གཞི་བརྟག་དཔྱད་བྱེད་པར་སྐྱོད་མྱོང་ཞིང་། ཁོང་གིས། “རྨ་ཆེན་རྫོང་དང་། དགའ་བདེ་རྫོང་། དར་ལག་རྫོང་བཅས་ཀྱི་ཤང་དང་གྲོང་རྡལ་ཚང་མར་འགྲོ་མྱོང་ཡོད། ཡུན་རིང་ཤོས་ཤིག་ལ་ཤང་དང་གྲོང་རྡལ་དུ་གཟའ་འཁོར་གཉིས་བསྡད་རྗེས་ལོག་ཡོང་བ་ཡིན”ཞེས་བཤད། མི་གཅིག་གིས་ཞོགས་པའི་ཆུ་ཚོད་8པ་ནས་དགོང་མོའི་ཆུ་ཚོད་10པའི་བར་བརྟག་དཔྱད་ཡོ་ཆས་གཅིག་ལ་བརྟེན་ནས་མི་200ལྷག་ཙམ་ལ་ན་ཚ་བརྟག་དཔྱད་བྱེད་ཀྱི་ཡོད།

    2016ལོར་མགོ་ལོག་ཀྲོའུ་ཡིས་གཞི་ཁྱོན་ཆེན་པོས་ཐུམ་འབུའི་ནད་གྲལ་བཤེར་བྱས་པ་རེད། “ང་ཚོས་སྔོན་ལ་བདམས་བཤེར་བྱས་པ་དང་དེ་ནས་ལོ་གཉིས་ནང་ཚུན་དུ་ཀྲོའུ་ཡོངས་ཀྱི་མི་ཁྲི་20ལྷག་ཙམ་ལ་གཅིག་སྡུད་ཐོག་གྲལ་བཤེར་ཐེངས་གཅིག་བྱས་པ་ཡིན། དེ་ནས་གྲལ་བཤེར་བྱས་འབྲས་དང་ནད་གཞི་ལྕི་ཡང་ལ་གཞིགས་ནས་ཐུམ་འབུའི་ནད་འགོས་པའི་མི་དབྱེ་བ་ཕྱེ་ནས་སྨན་བཅོས་བྱས་པ་ཡིན”ཞེས་འཕགས་མོ་མཚོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།