ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། 1961ལོར། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པས《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁྲག་དྲོན་ལས་གྲུབ་པའི་དམག་འཐབ་མཛའ་གྲོགས་བརྟན་དུ་གཏོང་བར་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་རྨང་གཞི་གལ་ཆེན་བཏིང་བ་ལས། ཀྲུང་གོ་དང་ཁྲའོ་ཞན་གཉིས་པོའི་མཛའ་གྲོགས་རྒྱུན་འཛིན་དར་སྤེལ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་བར་ནུས་པ་གལ་ཆེན་ཐོན་ཡོད། ལོ་65ཡི་རིང་། ཕྱོགས་གཉིས་པོས་ཆིངས་ཡིག་གི་དགོངས་དོན་རྒྱུན་འཛིན་གྱིས་ཕན་ཚུན་རྒྱབ་སྐྱོར་དང་། མཐུན་སྒྲིལ་རོགས་ལས། དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བཅས་བྱས་ཏེ། མི་རབས་ནས་མི་རབས་བར་མཛའ་མཐུན་མཉམ་གནས་དང་། ལས་དབང་གཅིག་མཐུན། ཕན་ཚུན་ལྟ་སྐྱོང་བཅས་ཀྱི་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་མངོན་གསལ་དོད་པའི་ཁྱད་ཆོས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོའི་ཟླ་6པར། ངས་ཁྲའོ་ཞན་ལ་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་བྱས་ནས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དང་རྒྱུན་འཛིན་བྱེད་པ་དང་འབྲེལ། དུས་རབས་ཀྱི་ནང་དོན་གསར་པ་སྣོན་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་སྟེ། དུས་སྐབས་གསར་པའི་ཀྲུང་གོ་དང་ཁྲའོ་ཞན་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡོང་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་བྱས་པ་དང་འཆར་གཞི་གསར་པ་བཀོད་ཡོད། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་གང་མགྱོགས་འགྲོ་བཞིན་པའི་མདུན་དུ། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་འཐབ་ཇུས་འབྲེལ་གཏུག་སྔར་བས་དམ་ཟབ་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་པོའི་མཛའ་མཐུན་མཉམ་ལས་ལ་སྣེ་ཁྲིད་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་ཏེ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་ལངས་ཕྱོགས་བརྟན་པོར་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་འགོ་ཁྲིད་གནང་བར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པར་འགྱུར་ལྡོག་འགྲོ་མི་སྲིད་པ། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་འཐབ་ཇུས་ཀྱི་ཁོར་ཡུག་བཟང་པོ་སྲུང་བའི་ཆོད་སེམས་བརྟན་པོར་འགྱུར་ལྡོག་འགྲོ་མི་སྲིད་པ་བཅས་ལ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོ་བོ་གནང་བའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག་ཁྲའོ་ཞན་མི་དམངས་ཀྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་གྲུབ་འབྲས་གསར་པ་དེ་བས་ཆེ་བ་རྒྱུན་ཆད་མེད་པར་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད།
ཅིན་ཀྲེང་ཨེན་གྱིས་གསུངས་དོན། ལོ་65ཡི་གོང་། ཕྱོགས་གཉིས་པོས《ཁྲའོ་ཀྲུང་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་རང་བརྟེན་དང་། ཞི་བདེ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་བཅས་མངོན་འགྱུར་ཆེད་ཁྲག་བཏོན་དམར་འཛིང་གི་ལོ་རྒྱུས་ལམ་བུའི་ཁྲོད་གྲུབ་པའི་ཁྲའོ་ཞན་དང་ཀྲུང་གོའི་དམག་འཐབ་མཛའ་གྲོགས་དང་མཐུན་སྒྲིལ་རོགས་རེས་མཉམ་ལས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་བར་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། འདས་ཟིན་པའི་དུས་སྐབས་ཤིག་རིང་། ཁྲའོ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་ཀྱི་ཆར་རླུང་དྲག་པོ་བརྒྱུད་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་དང་མཉམ་ལས་དམ་ཟབ་བྱས་ནས་འཛམ་གླིང་ཡོངས་ལ་སྲོལ་རྒྱུན་མཛའ་གྲོགས་རྐྱེན་གྱིས་དམིགས་བསལ་ཡིན་པ་དང་། ཐུན་མོང་གི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་རྐྱེན་གྱིས་དམིགས་བསལ་ཡིན་པ། བློ་བརྟན་འགྱུར་མེད་ངང་རྒྱུན་འཛིན་བྱས་པའི་རྐྱེན་གྱིས་དམིགས་བསལ་ཡིན་པ་བཅས་ཀྱི་ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བར་ནམ་ཡང་འགྱུར་བ་མེད་པ་དང་གཞོམ་ཞིག་མེད་པ་ཞིག་ཡིན་པ་གང་ལེགས་མངོན་པར་བྱས་ཡོད།
ཅིན་ཀྲེང་ཨེན་གྱིས་གསུངས་དོན། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འཐབ་ཇུས་རང་བཞིན་གྱི་གདམ་ག་དང་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པའི་ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་དེ་འཐབ་ཇུས་ཀྱི་མཐོ་ཚད་གསར་པའི་ཐོག་ནས་ཟབ་ཏུ་དང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་རྒྱལ་ཁབ་གཉིས་པོའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་འབུལ་བཞིན་ཡོད། སྤྱི་ཚོགས་རིང་ལུགས་སྲོག་ཤིང་དུ་བྱས་པའི་ཁྲའོ་ཞན་དང་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་དེ་དུས་རབས་ཀྱི་འཕོ་འགྱུར་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་འདོད་དང་མཐུན་པ་མ་ཟད། ཁྱབ་ཁོངས་ཁག་ཏུ་འཕེལ་རྒྱས་དེ་བས་ཡག་པོ་འགྲོ་བར་སྐུལ་འདེད་གཏོང་བ་ནི་ཁྲའོ་ཞན་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ཤིག་ཡིན། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕུལ་བྱུང་སྲོལ་རྒྱུན་རྨང་གཞིར་བྱས་པའི་ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་མཐོ་ཚད་གསར་པར་སླེབས་པར་ཁྲིད་སྟོན་བྱས་ཏེ། སྟོབས་ཤུགས་ཆེ་ཤོས་དང་འཐབ་ཇུས་རང་བཞིན་ཆེ་ཤོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་དབར་གྱི་འབྲེལ་བའི་མིག་དཔེ་ཞིག་ཏུ་འཕེལ་རྒྱས་གཏོང་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།