དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་གསེར་ཆེན་རྫོང་གིས་སྤྱི་ལེ་420ལྷག་ཙམ་ཟིན་པའི་འོད་ཤུགས་གླིང་བསྐྲུན་པ།

    ​ལྗང་མདོག་ཐོན་ལས་བསྐྲུན། སྐྱེ་ཁམས་ཕན་འབྲས་བཟང་།


  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ​ ཧྲེན་ཧྲའོ་ཐེ་དང་། དབྱིན་ཅེ། ཅང་དབྱིན།   |     སྤེལ་དུས།  2026-07-12

    ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་དཀར་གྱི་ཚོམ་བུ་རེ་རེ་དལ་གྱིས་རྒྱུག ཉི་འོད་རབ་ཏུ་འཚེར་བའི་འོག་འོད་ལེབ་ནས་འོད་ཆེམ་ཆེམ་འཕྲོ་བཞིན་མུ་མཐའ་མེད་པའི་རྒྱ་མཚོ་སྔོན་པོ་ལྟར་དུ་སྣང་། འོད་ལེབ་འོག་ཏུ་སྤང་ལྗོངས་སྔོ་ཐིང་ངེར་སྐྱེས་པ་དང་ལུག་ཁྱུ་བག་ཕེབས་ངང་རྩྭ་ཟ་བཞིན་ཡོད་པ་དེ་ནི་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཐ་ལ་གྲམ་ཐང་འོད་ཤུགས་གླིང་གི་དབྱར་དུས་ཀྱི་མཛེས་པ་རེད།

    འབྲོག་པ་ཡེ་རྡོར་གྱིས་སྦག་སྦག་བཞོན་ནས་གླིང་ཁུལ་དུ་བསྐྱོད་དེ་རང་ཉིད་ཀྱི་ལུག་ཁྱུ་འཚོ་བཞིན་འདུག ད་ལོ་ལོ་50ལ་སླེབས་པའི་ཡེ་རྡོར་གྱི་ཁྱིམ་ནི་གསེར་ཆེན་རྫོང་ཐེ་ཀེ་ཤང་ཧོ་ལི་སི་ཞོལ་མ་གྲོང་ཚོར་གནས་པ་དང་ཕྱུགས་འཚོས་ནས་ལོ་བཅུ་ཕྲག་ཁ་ཤས་སོང་ཡོད།

    ཡེ་རྡོར་གྱིས“ང་ཚོའི་གྲོང་ཚོར་འབྲོག་ལས་གཙོ་བོ་ཡིན་པས་ནོར་ལུག་འཚོ་མཁན་མང་པོ་ཡོད། སྔོན་ཆད་མཐའ་འཁོར་གྱི་རྩྭ་རར་རྩྭ་འདང་གི་མེད་སྟབས་འབྲོག་པས་ལུག་ཁྱུ་དེད་དེ་ཐག་རིང་གི་རྩྭ་ཐང་དུ་འཚོ་བར་འགྲོ་དགོས་ཀྱི་ཡོད”ཅེས་ཕྱིར་དྲན་བྱས་པ་དང་ཐན་པ་བསྟན་པ་དང་ཕྱུགས་མང་བའི་རྐྱེན་གྱིས་ཐ་ལ་གྲམ་ཐང་ཐང་རྒོད་དུ་གྱུར་ཞིང་། ལྷགས་པ་ཆེན་པོ་ལྡང་སྐབས་གང་སར་ཐལ་རྡུལ་གྱིས་ཁེངས་ནས་འབྲོག་པ་མང་ཚོགས་ཀྱི་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་ཡི་ཡོད།

    སྐབས་དེ་དུས་ཡེ་རྡོར་ནི་འབྲོག་པ་ཕལ་ཆེ་བ་དང་འདྲ་བར་ཕ་ཡུལ་ནས་ཁ་བྲལ་ཏེ་རྩྭ་ཆུ་བཟང་སར་ཕྱུགས་འཚོ་བར་སྐྱོད་ཀྱི་ཡོད།

    ཐ་ལ་གྲམ་ཐང་དུ་ལོའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད་3000ཙམ་ཟིན་པ་དང་འོད་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་ལ་ས་ཁོད་ཧ་ཅང་སྙོམས་པོ་ཡོད་པས་འོད་ལེབ་སྒྲིག་སྦྱོར་བྱེད་པར་འཚམ་པོ་ཡོད།

    2012ལོར་མཚོ་ལྷོ་ཀྲོའུ་ཡིས་ནུས་གསར་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་འགོ་ཚུགས་ཡོད། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་ཐ་ལ་གྲམ་ཐང་དུ་སྤྱི་ལེ་ངོས་གྲུ་420ལྷག་ཙམ་ཟིན་པའི་འོད་ཤུགས་གླིང་བསྐྲུན་པ་དང་། འོད་ཤུགས་ཁེ་ལས་80ལྷག་ཙམ་དེ་གར་གཞིས་ཆགས་ཏེ་རང་རྒྱལ་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་ཉི་ནུས་གློག་འདོན་གླིང་གི་གྲས་སུ་གྱུར་ཡོད།

    མཚོ་ལྷོ་ཀྲོའུ་ཡི་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཨན་ཧྥུང་ཅུན་གྱིས“འོད་ཤུགས་གླིང་བསྐྲུན་པ་དེས་དཔལ་འབྱོར་གྱི་ཡོང་འབབ་བྱུང་བ་མ་ཟད་སྐྱེ་ཁམས་ཀྱི་ཕན་འབྲས་ཀྱང་ཐོན་ཡོད”ཅེས་བཤད།

    ཐང་རྒོད་དུ་འོད་ལེབ་རེ་རེ་བཞིན་བཙུགས་པ་དང་བསྟུན་ནས་གླིང་ཁུལ་དུ་བྱེ་རླུང་ལྡང་བའི་གནད་དོན་ལ་དེ་བས་སྣང་ཆུང་བྱེད་མི་རུང་། ལག་རྩལ་དཔུང་ཁག་གིས་ཐབས་ཤེས་ཤིག་བསམ་བློར་འཁོར་བ་སྟེ། འོད་ལེབ་ཀྱི་གཤམ་དུ་རྩྭ་སོན་བཏབ་ནས་བྱེ་མ་འཇགས་རེ་བྱེད་པ་དེ་རེད།

    “སྐབས་དེ་དུས་རྩྭ་ཡག་པོ་ཞིག་སྐྱེ་ཐུབ་རེ་བྱེད་མཁན་སུའང་མེད”ཅེས་ཨན་ཧྥུང་ཅུན་གྱིས་བཤད་པ་དང་བསམ་ཡུལ་ལས་འདས་པར་རྩྭ་སོན་བཏབ་རྗེས་ལོ་དེ་གར་སྐྱེས་པ་རེད།

    འོད་ལེབ་ཀྱིས་ཚ་གདུག་ཆེ་བའི་ཉི་འོད་དང་བུ་ཡུག་འགོག་ཐུབ་པས་ས་ངོས་ཀྱི་རླུང་ཤུགས་50%ཆུང་དུ་ཕྱིན་པ་དང་བཞའ་ཚན་ཤོར་ཚད་30%ཆག་ནས་ཐང་རྒོད་ཀྱི་གནམ་གཤིས་ལེགས་སུ་སོང་ཡོད། རྣམ་ཀུན་འོད་ལེབ་བཀྲུས་པའི་ཆུ་ས་ངོས་སུ་བཞུར་ནས་རྩྭ་ཕྲན་སྐྱེ་འཚར་ཡག་པོ་ཡོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད།

    “དབྱར་དུས་རྩྭ་ཧ་ཅང་རིང་པོ་སྐྱེས་ཀྱི་ཡོད་པས། ཉི་འོད་འགྲིབ་ནས་གློག་གཏོང་ལས་ཕྱོད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད”ཅེས་ཨན་ཧྥུང་ཅུན་གྱིས་བཤད་པ་དང་། ཁོང་གིས། དགུན་དུས་དང་དཔྱིད་དུས་སུ་གནམ་གཤིས་སྐམ་ཤས་ཆེ་ལ་སྤྱི་ལེ་ངོས་གྲུ་ཁྲི་བརྒྱ་ཕྲག་ཁ་ཤས་ཀྱི་འོད་ཤུགས་གླིང་དུ་མེ་སྐྱོན་ཐོན་ཚེ་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་སྲིད་ཅེས་བཤད།

    རྩྭ་ཇི་ལྟར་བཀོག་དགོས་སམ། མི་གླས་ནས་རྩྭ་བཀོག་ཚེ་གླིང་ཁུལ་གྱི་འགྲོ་སོང་མང་དུ་འགྲོ་སྲིད། 2015ལོར་གླིང་ཁུལ་གྱིས་ཉེ་འགྲམ་གྱི་ཐེ་ཀེ་ཤང་བཙལ་ནས་ཧ་ཧ་ཐུ་ཝོས་གྲོང་ཚོ་དང་། ཧོ་ལི་སི་གོང་མ་གྲོང་ཚོ། ཧོ་ལི་སི་ཞོལ་མ་གྲོང་ཚོ་བཅས་ཀྱི་འབྲོག་པ་དང་མཉམ་ལས་བྱ་རྒྱུའི་གྲོས་མོལ་བྱས། ཡུན་རིང་མ་སོང་བར་ཁག་དང་པོའི་ལུག་600གླིང་ཁུལ་དུ་འབྱོར།

    ལུག་ཁྱུས་ཉི་འོད་འགོག་མཁན་གྱི་རྩྭ་རྣམས་གཙང་མ་བཟས་པས་ཕན་འབྲས་ལམ་སེང་ཐོན་ཞིང་། ལུག་གི་རིལ་མ་རང་བྱུང་སྐྱེ་ལྡན་ལུད་དུ་གྱུར་ནས་ས་རྒྱུ་ལེགས་བཅོས་ཐུབ་སྟེ་རྩྭའི་སྐྱེ་འཚར་དེ་བས་ལེགས་སུ་ཕྱིན་ཡོད་ལ། སྐྱེ་ཁམས་ཀྱི་གདུབ་ཟུམ་ཞིག་ཀྱང་གྲུབ་ཡོད།

    ལུག་ཁྱུ་གང་སར་ཕྱིན་ནས་འོད་ལེབ་དང་འདེགས་སྒྲོམ་ལ་སྐྱོན་བཏང་ཚེ་ཇི་ལྟར་བྱེད་དགོས་སམ། གླིང་ཁུལ་གྱི་རྣམ་གྲངས་ཚོགས་ཆུང་གིས་སྒྲིག་ཆས་ལེགས་སུ་གཏོང་རྒྱུའི་ཐག་བཅད་པ་སྟེ། འོད་ཤུགས་སྒྲོམ་སྐྱོར་གྱི་མཐོ་ཚད་རྒྱུན་གཏན་གྱི་ལི་སྨི་50ནས་ལི་སྨི་120བར་མཐོ་རུ་བཏང་བ་དང་འབྲེལ། སྒྲོམ་སྐྱོར་བརྟན་དུ་བཏང་བས་ལུག་ཁྱུས་འོད་ལེབ་ལ་གཏོར་བཤིག་གཏོང་ཐབས་བྲལ།

    དེ་རྗེས་ལུག་ཁྱུ་དང་ཁྱུ་གླིང་ཁུལ་དུ་འཛུལ་ནས“འོད་ཤུགས་ལུག”ཏུ་གྱུར་ཡོད། 2018ལོར་ཡེ་རྡོར་གྱིས་ཀྱང་རང་ཁྱིམ་གྱི་ལུག་ཁྱུ་དེད་དེ་གླིང་དུ་ཕྱུགས་འཚོ་བར་ཡོང་།

    ཡེ་རྡོར་གྱིས“ངའི་ལུག་ཁྱུ་གླིང་ཁུལ་དུ་མ་འཛུལ་གོང་གི་ལུག་100ནས་ད་ལྟའི་300ལྷག་ཙམ་བར་མང་དུ་ཕྱིན་ཡོད། ད་ཆ་ལུག་ཤ་ཤེད་རྒྱས་པའི་སྐབས་ཡིན་པས། ཟླ་བ་2ལྷག་ཙམ་སོང་རྗེས་འཚོང་ཐུབ། ‘འོད་ཤུགས་ལུག’གསོས་པ་བརྒྱུད། ངེད་ཚོའི་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་10ཙམ་ཟིན་ཡོད”ཅེས་བཤད།

    ད་ཆ་ཐ་ལ་གྲམ་ཐང་དུ་སྔོ་ཁེབས་80%ལྷག་ཙམ་ཟིན་ནས། ཐང་རྒོད་དེ་དག་ས་མཐོའི་འབྲོག་རར་གྱུར་བ་དང་། འོད་ཤུགས་ལས་ལོ་ལྟར་གློག་གཏོང་བའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10ཕྲག་ཁ་ཤས་ཟིན་ནས་ཐཱན་འབུད་ཚད་ཉུང་དུ་སོང་བ། འོད་ཤུགས་སྐྱེ་ཁམས་འབྲོག་ར་32དང་གཅིག་སྡུད་ཕྱུགས་འཚོ་ཡུལ་56བསྐྲུན་ནས། ལོར“འོད་ཤུགས་ལུག”ཁྲི་2ལྷག་ཙམ་གསོ་སྤེལ་ཐུབ་སྟེ་གྲོང་ཚོ་18ཀྱི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་ལ་འབབ་འཕར་རྒྱུན་མཐུད་ཡོང་བར་སྐུལ་ཁྲིད་བྱས་པ་ལ་སོགས་སྐྱེ་ཁམས་སྲུུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་གསུམ་ཀར་ལྟ་རྟོག་ཐུབ་ནས་ཐ་ལ་གྲམ་ཐང་དུ་ནུས་རྒྱུ་གཙང་མའི་སྐྱེ་ཁམས་ཀྱི་གཏམ་རྒྱུད་གསར་པ་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།