དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“ལོ་ལྔ་ཚན་བཅོ་ལྔ་པའི”དབྱང་གཉིས་ཐཱན་འགྱུར་འབུད་ཚད་མཐོ་ཤོས་ཀྱི་བྱ་སྤྱོད་ཇུས་གཞི》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“ལོ་ལྔ་ཚན་བཅོ་ལྔ་པའི”དབྱང་གཉིས་ཐཱན་འགྱུར་འབུད་ཚད་མཐོ་ཤོས་ཀྱི་བྱ་སྤྱོད་ཇུས་གཞི》(གཤམ་དུ《བྱ་སྤྱོད་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་མཐོ་ཤོས་ཀྱི་ལས་དོན་ཐད་བཀོད་སྒྲིག་བྱས་པ་རེད།

    《བྱ་སྤྱོད་ཇུས་གཞིའི》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་མཐོ་ཤོས་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་སྙོམ་སྦྱོར་གྱི་འཐབ་ཇུས་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་། ནུས་རྒྱུ་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་སྤྱི་འདོམས་འགན་ལེན་བྱས་ནས། ནུས་རྒྱུ་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་འགག་རྩར་བྱེད་པ་དང་། ཐོན་ལས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་ལེགས་པའི་སྒོ་ནས་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་པ། རྡོ་སོལ་དང་རྡོ་སྣུམ་འཛད་སྤྱོད་མཐོ་ཤོས་བརྟན་པོ་ཡོང་བར་བྱེད་པ། ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྟོན་དེ་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ནང་མཉམ་འདྲེས་བྱེད་པ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པ། ལྗང་མདོག་གི་དཔལ་འབྱོར་འཕར་གཞི་དེ་བས་མང་བ་སྐྱེད་སྲིང་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་པོ་འདིང་དགོས།

    《བྱ་སྤྱོད་ཇུས་གཞིའི》ནང་། 2030ལོར་སླེབས་སྐབས་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཚན་རྩིས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2025ལོ་ལས་17%དམའ་རུ་ཕྱིན་པ་དང་འགྱུར་རྡོ་མིན་པའི་ནུས་རྒྱུའི་འཛད་སྤྱོད་ཀྱིས་25%བཟུང་ནས། དབྱང་གཉིས་ཐཱན་འགྱུར་འབུད་ཚད་མཐོ་ཤོས་ཀྱི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་སྟེ་2035ལོར་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་བའི་དམིགས་ཚད་མངོན་འགྱུར་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    《བྱ་སྤྱོད་ཇུས་གཞིའི》ནང་ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཤིང་། གཅིག་ནས་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ་དང་། འགྱུར་རྡོ་མིན་པའི་ནུས་རྒྱུ་གསར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གློག་ཤུགས་མ་ལག་གི་ནུས་རྒྱུ་གསར་པའི་འདྲེན་སྤྱོད་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མས་རྡོ་སོལ་གྱི་ཚབ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། སྣུམ་རླངས་འཛད་སྤྱོད་ཀྱི་གྲུབ་ཆ་ལེགས་སུ་རྒྱུན་མཐུད་གཏོང་དགོས་པ་དང་། གཉིས་ནས་ཐོན་ལས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གྲུབ་ཆ་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་སྒྱུར་བཀོད་བྱེད་པ། ཐཱན་མེད་གླིང་དང་ཐཱན་མེད་བཟོ་གྲྭ་མགྱོགས་པོ་སྐྲུན་པ། རྩིས་ཤུགས་སྒྲིག་བཀོད་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཁོར་རྒྱུག་དཔལ་འབྱོར་གྱིས་ཐཱན་ཉུང་གཏོང་ལ་རམ་འདེགས་བྱེད་པའི་ནུས་པ་འདོན་དགོས། གསུམ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གཏིང་ཟབ་གཏོང་བ་དང་། འཛུགས་སྐྲུན་ཁྱབ་ཁོངས་དང་སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ཐཱན་ཉུང་གི་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པ་ཆེ་རུ་གཏོང་དགོས། བཞི་ནས་འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཐཱན་འབུད་ཀྱི་བསྡོམས་རྩིས་ཞིབ་རྩིས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། མ་དངུལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ། རིན་གོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྲོམ་ར་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ལྔ་ནས་ཕྱོགས་ཁག་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་། ས་གནས་ཀྱི་འགན་འཁྲི་ནན་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་དམངས་ཡོངས་ཀྱི་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།