དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ན་སྨི་པི་ཡའི་བློས་འགེལ་ཆོག་པའི་རོགས་ཟླ་ཡིན”

    —— ན་སྨི་པི་ཡའི་མི་དམངས་རྩ་འཛུགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧྲ་ཉིང་ཝར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏའེ་ཁའེ་རན།   |     སྤེལ་དུས།  2026-07-12

    “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོར་མི་རྣམས་ཡིད་སྨོན་སྐྱེ་འོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པ་དང་ཡུན་རིང་འཆར་འགོད་ཀྱི་འཐབ་ཇུས་མིག་རྒྱང་ལྡན་པས། ན་སྨི་པི་ཡ་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད”ཅེས་ཉེ་ཆར་ན་སྨི་པི་ཡའི་མི་དམངས་རྩ་འཛུགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའོ་ཧྥེ་ཡ·ཧྲ་ཉིང་ཝ་ཡིས་ཏང་དེའི་སྤྱི་ཁྱབ་པུའི་ཐོག་ཁང་གསར་པར་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    ཧྲ་ཉིང་ཝ་དེ་སྔ་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་མྱོང་ཡོད། “ཀྲུང་གོར་འཚམས་འདྲིར་ཡོང་རིམ་བཞིན་ངས་འཕེལ་རྒྱས་གསར་པ་དང་། རྨང་གཞིའི་སྒྲིག་བཀོད་གསར་པ། ལག་རྩལ་གསར་པ་བཅས་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་འགྲོ་བཞིན་པ་མཐོང་གི་འདུག ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་ནུས་ལྡན་གྱི་སྒྲིག་འཛུགས་སྐུལ་སློང་དང་ལག་བསྟར་ནུས་པ་བརྒྱུད་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་དེ་ནི་ཀྲུང་གོར་གྲུབ་འབྲས་ཆེན་པོ་ཐོབ་པའི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་རེད”ཅེས་ཧྲ་ཉིང་ཝས་བརྗོད།

    དུས་ཡུན་རིང་པོའི་ནང་ཀྲུང་གོ་གུང་ཁྲན་ཏང་དང་ན་སྨི་པི་ཡའི་མི་དམངས་རྩ་འཛུགས་ཏང་གིས་ཕན་ཚུན་མཛའ་གྲོགས་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་པ་དང་ཕྱོགས་གཉིས་པོའི་མཛའ་གྲོགས་དེ་ན་སྨི་པི་ཡའི་མི་རིགས་རང་བཙན་དང་བཅིངས་འགྲོལ་འཐབ་རྩོད་བརྩོན་ལེན་གྱི་ལོ་རབས་སུ་ཁུངས་འདེད་ཐུབ། “ན་ཀྲུང་མཛའ་གྲོགས་ནི་འགོ་ཁྲིད་པ་རྒན་རབས་ཚོས་ཐུན་མོང་ཐོག་བཏོད་པའི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ཏང་གཉིས་ཀྱི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པ་དང་ཉེ་བའི་ལོ་ཤས་རིང་ཏང་གཉིས་ཀྱིས་མཐོ་རིམ་དབར་གྱི་འཚམས་འདྲི་དང་ལས་བྱེད་པ་གསོ་སྦྱོང་ཧུར་ཐག་བྱས་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད”ཅེས་ཧྲ་ཉིང་ཝས་བརྗོད།

    ས་གནས་སྲིད་འཛིན་དཔོན་གྱི་འགན་འཁུར་རིང་ཧྲ་ཉིང་ཝས་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་ནང་ཡུན་རིང་ཞུགས་མྱོང་བས། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་རྣམ་གྲངས་ལ་རྒྱུས་མངའ་ཆེན་པོ་ཡོད། ཝིན་ཏེ་ཧོ་ཁེ་གནམ་ཐང་གསར་པའི་གཞུང་ལམ་དང་ལོན་ཏུའུ་གྲོང་ཁྱེར་གྱི‘གྲོང་ཚོ་ཀུན་ཁྱབ’གཞུང་ལམ་རྣམ་གྲངས་ཚུད་པའི་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་མང་པོ་ཞིག་གིས་ན་སྨི་པི་ཡའི་འགྲིམ་འགྲུལ་ཆ་རྐྱེན་དང་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་ཁྱེར་ཡོང་བ་མ་ཟད། ལས་ཞུགས་ཀྱི་གོ་སྐབས་ཀྱང་མང་པོ་བཏོད་ཡོད། ན་ཀྲུང་གི་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ན་སྨི་པི་ཡའི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་རེད”ཅེས་ཧྲ་ཉིང་ཝས་བརྗོད།

    ད་ལོ་ནི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ”རེད། ཧྲ་ཉིང་ཝ་ཡིས་མི་ཆོས་རིག་གནས་སྤེལ་རེས་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མི་དམངས་སྦྲེལ་མཐུད་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“ཀྲུང་གོར་འཚམས་འདྲིར་ཡོང་རིམ་བཞིན་ངའི་ངོས་ནས་བརྗོད་ན་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་རེད་འདུག ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་དང་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་བརྒྱུད་ངས་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་ངོས་འཛིན་དང་ཤེས་རྟོགས་དེ་བས་གཏིང་ཟབ་བྱུང་། ཀྲུང་གོའི་གཞོན་ནུ་ན་སྨི་པི་ཡར་ཡོང་བར་དགའ་བསུ་ཞུ་གི་ཡིན་ལ་ན་སྨི་པི་ཡའི་གཞོན་ནུ་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་བྱེད་པར་འགྲོ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།