ཀྲུང་གོའི་ཁེ་ལས་850ལྷག་ཙམ་ཁོ་ལུང་རྒྱལ་སྤྱིའི་སྐྱེད་ཚལ་སྒྱུ་རྩལ་འགྲེམས་ཚོགས་ལ་ཞུགས་པ།
—— “ཀྲུང་གོའི་རིག་སྐྲུན་གྱིས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་ནང་མེད་དུ་མི་རུང་བའི་གནས་བབ་བཟུང་བ”

འདི་ནི་ཁོ་ལུང་རྒྱལ་སྤྱིའི་སྐྱེད་ཚལ་སྒྱུ་རྩལ་འགྲེམས་ཚོགས་ཀྱི་རིག་ནུས་ཡོ་བྱད་ཁུལ་དུ་ལྟ་སྐོར་བས་ཀྲུང་གོའི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་རིག་ནུས་རྩྭ་འབྲེག་འཕྲུལ་འཁོར་ལ་ལྟ་བཞིན་པ།
ཉེ་ཆར་འཚོགས་པའི་འཇར་མན་ཁོ་ལུང་རྒྱལ་སྤྱིའི་སྐྱེད་ཚལ་སྒྱུ་རྩལ་འགྲེམས་ཚོགས་སུ་རྒྱལ་ཁབ་དང་ས་ཁུལ་50ནས་ཡོང་བའི་འགྲེམས་སྟོན་ཚོང་དུད་1350ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། འགྲེམས་ཁུལ་དེ་ཕྱི་རོལ་གྱི་འཚོ་བ་དང་། སྐྱེད་ཚལ་སྒྱུ་རྩལ་གྱི་བསམ་བཀོད་དང་བདག་སྐྱོང་། བསྲེགས་ཟས་དང་དེ་བཞིན་ཕྱི་རོལ་གྱི་མྱུལ་དཔྱད་བཅས་ཀྱི་བརྗོད་དོན་གཙོ་བོའི་ནང་དོན་ཆེན་པོ་བཞིར་དབྱེ་ནས་དེང་རབས་ཀྱི་སྒོ་རའི་བར་མཐོངས་ནས་ཁྱིམ་ཚང་གི་འཚོ་བ་དང་། སོས་དལ་གྱི་སྤྱི་ཚོགས་འབྲེལ་བ། བདེ་ཐང་ལུས་རྩལ། དེ་བཞིན་རྒྱུན་མཐུད་ཆོག་པའི་འཛད་སྤྱོད་ཡུལ་རྣམ་བཅས་སུ་འཕེལ་འགྱུར་བྱུང་བའི་འཕེལ་ཕྱོགས་གསར་པ་མངོན་ཡོད།
ད་ཐེངས་ཀྱི་འགྲེམས་སྟོན་ནང་ཞུགས་མཁན་ཀྲུང་གོའི་ཁེ་ལས་850ལྷག་ཙམ་ཡོད་པ་དེས་བསྡུར་ཚད་ཀྱི་གསུམ་ཆ་གཉིས་ཙམ་བཟུང་ཡོད། ཀྲུང་གོའི་ཁེ་ལས་ཀྱི་ཐོན་རྫས་དང་ཇུས་གཞི་ལས་ཁྱད་ཆོས་ཆེན་པོ་གཉིས་མངོན་པ་སྟེ། གཅིག་ནི་ཡུལ་རྣམ་གཞི་གཅིག་ཅན་གྱིས་ཚོང་ཟོག་སིལ་ཚོང་གི་ཚབ་བྱས་ཤིང་། ཁྱིམ་ཆས་དང་། གློག་སྒྲོན། བསྲེགས་ཟས། རིག་ནུས་བདག་སྐྱོང་སྒྲིག་ཆས་བཅས་སྡེབ་སྒྲིག་བྱས་ཏེ་སྒོ་རའི་ཆ་ལག་ཚང་བའི་ཐག་གཅོད་ཇུས་གཞི་མངོན་པ་དང་། གཉིས་ནི་སྣ་ཁ་ཡོངས་ལ་རིག་ནུས་ཅན་མཉམ་འདྲེས་གཏིང་ཟབ་ཐུབ་པའི་ནང་རིག་ནུས་རྩྭ་འབྲེག་འཕྲུལ་མི་དང་། ཕྱི་རོལ་གྱི་ཉི་ནུས་དང་རིག་ནུས་ཁྱིམ་ཆས། རང་འགུལ་ཆུ་འདྲེན་མ་ལག་སོགས་ཚུད་པ་དང་མི་ཐབས་རིག་ནུས་དང་རང་འགུལ་ཅན་དེ་ཐོན་རྫས་ཁྱད་པར་ཅན་གྱི་དགེ་མཚན་གཙོ་བོར་གྱུར་ཡོད། གོ་ལ་ཧྲིལ་པོར་ཕུད་འགྲེམས་ཐོན་རྫས་གསར་པ་མང་པོ་ཞིག་གིས་ཡོ་རོབ་ཀྱི་ལྕགས་རིགས་སྣ་ལྔའི་མུ་འབྲེལ་ཚོང་ཁང་ཆེ་གྲས་དང་སྐྱེད་ཚལ་ཞབས་ཞུའི་ཚོང་པ་ངོ་འཕྲད་གྲོས་མོལ་གཏིང་ཟབ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།
“མིག་སྔའི་ནུས་རྒྱུའི་འགྲན་སློང་གི་མདུན་དུ་ཀྲུང་གོའི་རིག་སྐྲུན་གྱིས་ལྗང་མདོག་ཐཱན་ཉུང་གི་ནུས་པ་དང་རྒྱུན་མཐུད་ཆོག་པའི་རང་བཞིན་མངོན་ཞིང་། དེ་དག་གིས་རིག་ནུས་ཅན་དང་ཐོན་སྐྱེད་བྱེད་ནུས་ཆེན་པོར་བརྟེན་ཏེ་ནུས་གྲོན་ལེགས་སུ་གནད་སྨིན་བཏང་ནས་འཛད་སྤྱོད་པའི་ཁྱིམ་ཚང་གི་ནང་ལས་ལྕི་པོ་དེ་ཡང་དུ་བཏང་ཡོད” ཁོ་ལུང་རྒྱལ་སྤྱིའི་སྐྱེད་ཚལ་སྒྱུ་རྩལ་འགྲེམས་ཚོགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཁེ་ལའོ་ཏི་ཡ·མའོ་ལེར་གྱིས་ཀྲུང་གོའི་བཟོ་སྐྲུན་ཚོང་པས་ཁྲོམ་རའི་འགྱུར་ལྡོག་ལ་གཞིགས་ནས་ལེགས་སྒྲིག་གང་ལེགས་བྱས་ཏེ། སྲོལ་རྒྱུན་གྱི“བཟོ་སྐྲུན”གྱི་མཆན་རྟགས་ལས་བརྒལ་ནས“གསར་གཏོད”ཀྱི་སྣེ་མོ་བཟོ་ལས་མཛེས་རིག་དང་། ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་། དེ་བཞིན་ཡོ་རོབ་ཀྱི་འཛད་སྤྱོད་པའི་རེ་ཞུ་ཟབ་མོ་བཅས་དང་སྦྲེལ་མཐུད་གནད་སྨིན་ཡོང་བར་བྱས་པ་དེ་ནི་ཀྲུང་གོའི་རིག་སྐྲུན་གྱིས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་ཁྲོད་མེད་དུ་མི་རུང་བའི་གནས་བབ་བཟུང་བའི་རྩ་བའི་རྒྱུ་རྐྱེན་ཞིག་རེད་ཅེས་བརྗོད།
(འདི་ག་ཚགས་པར་ཁང་དུ་འཇར་མན་ཁོ་ལུང་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།