སེར་པི་ཡས་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་མགྱོགས་པོ་བཏང་བ།
ཉེ་ཆར། སེར་པི་ཡ་ཝུའེ་ཐེ་ལུའོ་ཡི་ཀྲའོ་ཝ་300ཟིན་པའི་རླུང་གློག་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་པ་དང་རྣམ་གྲངས་དེ་ངོ་བོའི་རང་བཞིན་གྱི་སྐུལ་འདེད་དུས་མཚམས་སུ་སླེབས་ཡོད། རྣམ་གྲངས་དེ་སེར་པི་ཡའི་ཕན་ཆེ་ཝོ་གྲོང་ཁྱེར་དུ་སྐྲུན་ཞིང་། ཀྲུང་གོས་བཟོས་པའི་རླུང་ཤུགས་གློག་འདོན་འཕྲུལ་ཆས་48སྒྲིག་སྦྱོར་བྱ་རྒྱུ་དང་། རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ས་གནས་དེ་གའི་ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཏེ། སེར་པི་ཡའི་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་དུ་ཕྱོགས་སྒྱུར་དང་ས་ཁོངས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་སྣོན་རྒྱུ་རེད།
སེར་པི་ཡའི་ནུས་རྒྱུའི་གྲུབ་ཆ་དེ་སྲོལ་རྒྱུན་ལྟར་ན་རྡོ་སོལ་དང་ཆུ་གློག་ལ་བརྟེན་དགོས་པས་ནུས་རྒྱུའི་གྲུབ་ཆའི་སྣ་ཁ་མང་པོ་མེད། ཉེ་བའི་ལོ་ཤས་རིང་། སེར་པི་ཡ་སྲིད་གཞུང་གིས་བསྐྱར་སྐྱེ་ས་ནུས་རྒྱུ་རྒྱུན་མཐུད་བཀོད་སྒྲིག་བྱས་ནས་ནུས་རྒྱུའི་མ་ལག་ལྗང་མདོག་རིམ་སྤོར་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 2024ལོའི་ཟླ་7པར་སེར་པི་ཡས《རྒྱལ་ཁབ་ཀྱི་ནུས་རྒྱུ་དང་གནམ་གཤིས་ཕྱོགས་བསྡུས་འཆར་གཞི》བཏོན་ནས་ནུས་རྒྱུ་ཕྱོགས་སྒྱུར་གྱི་དམིགས་ཚད་ཁ་གསལ་བཟོས་པ་སྟེ། 2030ལོར་མཐའ་སྣེའི་གློག་ཤུགས་འཛད་སྤྱོད་ཁྲོད་བསྐྱར་སྐྱེས་ནུས་རྒྱུའི་བསྡུར་ཚད་45%ཡན་མཐོ་རུ་གཏོང་བ་དང་2050ལོར་ཐཱན་ཚད་སྙོམ་སྦྱོར་ཡོང་བར་བརྩོན་ལེན་བྱེད་རྒྱུ་རེད། འཆར་འགོད་དེར་གཞིགས་ན། སེར་པི་ཡས་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་མགྱོགས་མྱུར་ཆེ་རུ་བཏང་ནས་གློག་ཤུགས་མཁོ་སྤྲོད་ཀྱི་གྲུབ་ཆ་ལེགས་སུ་གཏོང་རྒྱུ་རེད། 2030ལོའི་བར་རྒྱལ་ཡོངས་སུ་ཅི་ཝ་3.5ཙམ་ཟིན་པའི་རླུང་གློག་དང་འོད་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་གཏོང་ཚད་མང་དུ་འགྲོ་རྒྱུ་དང་གློག་ཤུགས་གཙང་མ་མཁོ་འདོན་བྱེད་ཚད་ཆུ་ཚོད་ཐའེ་ཝ་6.87ཙམ་མང་དུ་འགྲོ་རྒྱུ་རེད། 2040ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་རླུང་གློག་དང་འོད་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཅི་ཝ་11ཙམ་བར་མང་དུ་འགྲོ་རྒྱུ་རེད།
ཕྱོགས་སྒྱུར་དམིགས་ཚད་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་འགན་ལེན་བྱ་ཆེད། སེར་པི་ཡས་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ཀྱི་ལྷན་སྦྱར་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། སྔ་རྗེས་སུ《བསྐྱར་སྐྱེས་ནུས་རྒྱུ་བེད་སྤྱོད་བཅའ་ཁྲིམས》དང《བསྐྱར་སྐྱེས་ནུས་རྒྱུར་ལྕག་སྐུལ་གཏོང་བའི་བརྒྱུད་རིམ་ལྡན་པའི་འཆར་གཞི》སོགས་བཅའ་ཁྲིམས་ཁྲིམས་སྲོལ་བཟོ་བཅོས་བརྒྱབ་ནས་བཏོན་ཏེ་ཡོ་རོབ་མནའ་འབྲེལ་གྱི་ནུས་རྒྱུ་ལྗང་མདོག་འཕེལ་རྒྱས་ཀྱི་ཚད་གཞི་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཡོད། སེར་པི་ཡ་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་སྒྲིག་སྲོལ་དང་མཐུན་པའི་ནུས་རྒྱུ་གསར་པའི་རྣམ་གྲངས་ལ་མ་འཇོག་ཁ་གསབ་སྤྲོད་པ་དང་། ཁྲལ་རིན་གཉིས་གཅོག་བྱེད་པ། སྔོན་ལ་དྲ་སྦྲེལ་བྱེད་པ་སོགས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཏེ་གྲོང་མི་དང་ཁེ་ལས་ཀྱིས་ཐོག་ཁར་འོད་ཤུགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་ཞིབ་མཆན་བརྒྱུད་རིམ་སྟབས་བདེ་རུ་བཏང་ཡོད།
ཉེ་བའི་ལོ་ཤས་རིང། ཀྲུང་སེར་གྱི་བསྐྱར་སྐྱེས་ནུས་རྒྱུའི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་བྱུང་ནས་སེར་པི་ཡའི་ནུས་རྒྱུ་ཕྱོགས་སྒྱུར་གྱི་རམ་འདེགས་བྱེད་མཁན་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ཐེངས་ལས་འགོ་ཚུགས་པའི་ཝུའེ་ཐེ་ལུའོ་ཡི་རླུང་གློག་རྣམ་གྲངས་དེ་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་དང་སེར་པི་ཡའི་ཡུལ་དེ་གའི་ཁེ་ལས་ཀྱིས་མཉམ་དུ་བསྐྲུན་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།