གཙང་གསུམ་ཆུ་འགོའི་སྲུང་སྐྱོང་བ།
ལོ་30ལྷག་ཙམ་རིང་། རྨ་ཆུའི་ཆུ་འགོའི་རྩྭ་ཐང་སྲུང་སྐྱོང་ལས་ལ་གཞོལ་བའི་འབྲོག་པ་དགེ་ཆོས་ཀྱི་ལག་ཏུ་ནམ་ཡང་ཁྲེ་ཙེ་ཞིག་བཟུང་ཡོད་ལ། ཁྲེ་ཙེ་དེ་ཡིས་ལོ་རེ་རེར་རྩྭ་ཁ་མཐོ་དམའ་འཇལ་བཞིན་ཡོད།
དགེ་ཆོས་དང་འདྲ་བར་དུས་དང་རྣམ་པ་ཀུན་ཏུ་རྩྭ་ཐང་སྲུང་སྐྱོང་བྱེད་མཁན་འབྲོག་པ་ཚོས་སྤྱིར་བཏང་གི་བྱ་སྤྱོད་ལ་བརྟེན་ནས་གཙང་གསུམ་ཆུ་འགོའི་སྤྱིར་བཏང་མ་ཡིན་པའི་འགྱུར་ལྡོག་ལ་དཔང་པོ་བྱས་ཡོད།
2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་དང་པོ་སྟེ། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས། ལོ་10ཡི་རིང་། རྒྱང་ཐག་རིང་ལ་མཐོ་ཞིང་གྲང་བའི་གཙང་གསུམ་ཆུ་འགོ་དེ་སྤྱི་དམངས་ཀྱིས་མཛེས་སྡུག་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར།
“ད་ཆ་ཚང་མས་རྨ་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་བཞིན་ཡོད”
ད་ལོ་ལོ་38ལ་སླེབས་པའི་འབྲོག་པ་དགེ་ཆོས་ནི“རྨ་ཆུའི་ཆུ་འགོའི་དུད་ཚང་དང་པོའི”སྲུང་སྐྱོང་བ་ཞིག་ཡིན་ལ། རྨ་ཆུའི་ཆུ་འགོ་ཡོས་ཁོག་རྫོང་ལེབ་གཤོང་སར་འཚོ་བ་བསྐྱལ་ནས་ལོ་བཅུ་ཕྲག་ཁ་ཤས་ཕྱིན་ཡོད།
ལོ་བཅུ་བདུན་བཅོ་བརྒྱད་ཙམ་ལ་སླེབས་སྐབས། དགེ་ཆོས་ཀྱིས་རྨ་ཆུའི་ཆུ་འགོ་ཁུལ་ཉམས་ཞན་དུ་འགྲོ་བའི་གནས་ཚུལ་ཐོག་མར་ཚོར།
དེ་རྗེས་ཁོང་གིས་ལོ་ལྟར་ཇེ་སྡུག་ཏུ་འགྲོ་བཞིན་པ་མཐོང་ལ། རྩྭ་ཁ་དང་ཆུ་ཁ་རིམ་བཞིན་དམའ་རུ་ཕྱིན་ནས་སྔོན་ཆད་རྟ་བཞོན་ཏེ་བརྒལ་དགོས་པའི་ཆུ་བོ་དུས་ད་ལྟར་གོམ་པ་བརྒྱབ་ཀྱང་བརྒལ་ཐུབ་པ་དང་། ས་ཆ་མང་པོར་ཆར་ཆུ་ཉུང་དུ་ཕྱིན་ནས་དེ་སྔའི་སྤང་སྔོན་མོ་དབྱར་ཁར་སྐྱ་ཐེར་ཐེར་དུ་གྱུར་ཏེ། མཐར་འདབ་ཆགས་སྣ་ཚོགས་ཀྱི་སྐད་སྙན་ཡང་གོ་རྒྱུ་མེད་པར་གྱུར།
2009ལོར་དགེ་ཆོས་ཀྱི་ཨ་ཕ་ཚེ་ལས་འདས། ཁོང་གྲོངས་ཁར“རྨ་ཆུའི་ཆུ་འགོ་ངེས་པར་ཏུ་སྲུང་སྐྱོང་ཡག་པོ་བྱེད་དགོས། རྩྭ་ས་མི་གཞན་ལ་འགན་གཙང་མ་སྤྲོད། ཁྱེད་ཚོ་ཡང་ས་འདི་ནས་ཡུལ་གཞན་དུ་མ་སྤོ”ཞེས་མཇུག་མཐའི་ཁ་ཆེམས་བཞག
ལོ་དེར་དགེ་ཆོས་ལོ་20ལྷག་ཙམ་ལས་ཟིན་མེད་ཀྱང་ཁྱིམ་གྱི་བདག་པོར་གྱུར་པ་དང་རང་ཉིད་གཅིག་པུས་རྨ་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་འགོ་ཚུགས། ལོ་དེ་དག་ནང་། མི་མང་པོ་དེར་ཡོང་ནས་མགྲོན་ཁང་གཉེར་བའམ་ཡུལ་སྐོར་གསར་སྤེལ་བྱེད་འདོད་ལ། ཐ་ན་མི་ཁ་ཤས་ཀྱིས་སྒོར་ཁྲི་སྟོང་ཕྲག་བཏང་ནས་རྩྭ་ས་ནང་བཤུག་ལེན་འདོད་ཀྱང་དགེ་ཆོས་ཀྱིས་ཁྱོན་ནས་མོས་མཐུན་བྱས་མེད།
“ཨ་ཕའི་ཁ་ཆེམས་བུ་ང་ཡིས་སེམས་ནང་བརྟན་པོར་ངེས་དགོས”ཞེས་དགེ་ཆོས་ཀྱིས་བཤད།
རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས། དགེ་ཆོས་སྐྱེ་ཁམས་བདག་སྐྱོང་བ་ཞིག་ཏུ་གྱུར།
གངས་ལྗོངས་ས་མཐོ་འདིར། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་ནས་འབྲོག་པ་དེ་བས་མང་པོས་གཙང་གསུམ་ཆུ་འགོར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱེད་པ་ནི་བུ་རབས་ཚ་རྒྱུད་ཀྱི་འཚོ་རྟེན་སྲུང་སྐྱོང་བྱེད་པ་ཡིན་པ་གསལ་པོར་ཤེས་ཡོད།
སྔོན་ཆད་དགེ་ཆོས་ཀྱིས་གད་སྙིགས་སྒྲུག་པ་མཐོང་ཚེ“ཇུས་མེད་ཇུས་གཏོགས”ཞེས་བཤད་མཁན་མང་མོད། དེང་སང་རང་འགུལ་ངང་སྐོར་ཞིབ་བྱས་ནས་གད་སྙིགས་གཙང་སེལ་བྱེད་མཁན་འབྲོག་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
ད་ཆ། གཙང་གསུམ་ཆུ་འགོ་གནས་སའི་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ནང་གི་རྨ་ཆུའི་ཆུ་གཞུང་ཨ་མ་དང་། འབྲི་ཆུའི་ཆུ་གཞུང་ཨ་མ། རྫ་ཆུའི་ཆུ་གཞུང་ཨ་མ་བཅས་ཀྱི་ཆུ་སྤུས་རིགས་Ⅱདང་དེའི་ཡན་ཟིན་ནས། ལོ་ལྟར་སྨད་རྒྱུད་ལ་རྒྱུག་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ནས་900བར་སྐྱེལ་ཐུབ་ཀྱི་ཡོད།
ཡུག་རེ་རེ་བཞིན་རྩྭ་བཏབ་ནས་སྐྱེ་ཁམས་སླར་གསོ་བྱས་པ།
ལོ་རེའི་ཟླ་ལྔ་པར། ཞའོ་ཧུང་གིས་ཆར་པ་འབབ་པར་སྒུག་སྡོད་ཀྱི་ཡོད། ཆར་པ་བབས་ཚེ་ད་གཟོད་རྩྭ་སྔོན་སྐྱེ་ཡོང་།
ཞའོ་ཧུང་ནི་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོ(ཁུ་ཁུ་ཤིས་རི)གླིང་ཁུལ་དོ་དམ་ཨུ་ལྷན་འབྲི་སྟོད་དོ་དམ་ཁྲུའི་སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཡིན། ཁོ་མོས་རྩྭ་ཐང་དུ་རྩྭ་བཏབ་ནས་ལོ་32ཕྱིན་ཞིང་། དུས་དང་རྣམ་པ་ཀུན་ཏུ་མིས་རང་བྱུང་ཁམས་ལ་འཇིགས་བཀུར་བྱེད་དགོས་ཞེས་བཤད་ཀྱི་ཡོད།
གཞོན་ནུ་ལོ་ཆུང་ནས་མོ་ལོ་དྲུག་ཅུར་ཉེ་བའི་བར་ཁོ་མོས་འགྱུར་ལྡོག་མང་པོ་ཞིག་ལ་དཔང་པོ་བྱས་ཡོད།
བྱིས་པའི་དུས་སུ་ཞའོ་ཧུང་གིས་མཐོང་བའི་རྩྭ་ར་ནི་ཕ་མེས་ཀྱི་ངག་ལས་ཐོས་པ་ལྟར་གྱི་སྔོ་ཐིང་ངེར་མེད་ཀྱང་། ཆར་ཆུ་འབེལ་པོ་ཡོད་པས་དབྱར་དུས་རྩྭ་ར་སྔོ་ཐིང་ཐིང་ཆགས་ཀྱི་ཡོད། 2000ལོའི་སྔ་རྗེས་སུ་རྩྭ་ར་མགྱོགས་མྱུར་ཞན་དུ་གྱུར་པའི་ཁར། ཨ་བྲ་སོགས་ཀྱི་གནོད་འཚེ་ཡང་མང་དུ་ཕྱིན་པས་སྔོ་ཁེབས་སྐམ་ནས་ས་ནག་ཐང་དུ་གྱུར་པ་དང་། འབྲི་སྟོད་རྫོང་གི་བྲག་དཀར་དང་ཟོ་སྐྱ་རྒྱུད་ཀྱི་རྩྭ་ས་བྱེ་ཐང་དུ་གྱུར་པས། ས་གནས་དེ་གའི་མི་རྣམས་ཀྱིས“རྩྭ་ཐང་རུལ་གྱི་འདུག”ཅེས་བརྗོད།
དེ་ནས་བཟུང་གཙང་གསུམ་ཆུ་འགོར་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་བཅོས་སྐྱོང་བྱེད་འགོ་ཚུགས།
ཞན་འགྱུར་རྩྭ་ར་ཡུག་རེ་རེ་བྱས་ནས་སླར་གསོ་བྱ་ཆེད། ཞའོ་ཧུང་དང་ལས་རོགས་ཚོ་ལོ་རེའི་དུས་ཚོད་མང་ཆེ་བར་ཕྱི་རོལ་དུ་སྡོད་དགོས་ཀྱི་ཡོད། ས་བབ་མཐོ་ཞིང་གནམ་གཤིས་འགྱུར་ལྡོག་སྐྱེན་པའི་དབང་གིས། རྒྱལ་ཡོངས་ཀྱི་ས་ཆ་གཞན་དག་ཏུ་དབྱར་ཁ་ཤར་ཡང་ས་མཐོར་ད་དུང་ཁ་བ་འབབ་ཀྱི་ཡོད་པས། རྩྭ་འདེབས་སྐབས་དུས་ཚོད་དམ་འཛིན་ནན་པོ་བྱེད་དགོས།
སྔོན་ཆད་རྩྭ་རར་བཅོས་སྐྱོང་བྱེད་པར་གཙོ་བོ་མིའི་ཐབས་ལ་བརྟེན་དགོས། ད་ཆ་མི་མེད་གནམ་གྲུ་སོགས་སྒྲིག་ཆས་མང་པོ་སྤྱོད་འགོ་ཚུགས་པས་བཅོས་སྐྱོང་བྱེད་སྟངས་ཀྱང་རགས་ལས་རྣམ་པ་ནས་རིམ་བཞིན་བརྒྱུད་རིམ་ཅན་དུ་འགྱུར་བཞིན་ཡོད།
གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་བཙུགས་ཚུན་དུ། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཚད་36.8%ཟིན་པ་དེ་ལོ་བཅུའི་གོང་དང་བསྡུར་ན་8.6%འཕར་བ་དང་། ཆུ་རྩ་གསོ་འཁྱོངས་ཞབས་ཞུའི་ནུས་པའི་སྟོན་གྲངས་92.6ཟིན་པ་དེ་ལོ་བཅུའི་གོང་དང་བསྡུར་ན་21.8འཕར་ཡོད་པ་རེད།
“ཆུ་འགོ་ནི་མི་ཚང་མ་དང་འབྲེལ་བ་ཡོད”
ས་མཐོའི་གསའ་དང་། འཁྱགས་རོམ། ཆུ་འགོ་བཅས་ཀྱི་བརྙན་པར་སྔར་བས་མང་པོ་ཕྱི་རོལ་གྱིས་མཐོང་བ་དང་བསྟུན་ནས། གཙང་གསུམ་ཆུ་འགོ་ཡང་སྐྱེ་བོ་དེ་བས་མང་པོས་ཤེས་རྟོགས་ཐུབ་འགོ་ཚུགས།
1986ལོར། དབྱང་ཤིན་ཐོག་མར་འབྲི་ཆུའི་ཆུ་འགོར་སླེབས།
སྐབས་དེར་ཁོང་ནི་ཉེན་བརྟག་མྱུལ་དཔྱད་དང་པར་ལེན་ལ་དགའ་བའི་གཞོན་ནུ་ཞིག་རེད། ལ་དུག་ཕོག་པའི་དབང་གིས་མགོ་ལ་ན་ཟུག་དྲག་པོ་བཏང་ཡང་། འཁྱགས་རོམ་གྱི་བཀོད་པ་ཡོངས་སུ་རྫོགས་པ་པར་དུ་ལེན་ཆེད། ཉིན་ཤས་སོང་རྗེས་ཁོང་མུ་མཐུད་དུ་ས་བབ་མཐོ་ཚད་སྨི་6000ལྷག་ཙམ་ཡོད་པའི་གངས་རིར་འཛེགས།
དེ་རྗེས་ཀྱི་ལོ་མང་པོའི་རིང་། ཁོང་འབྲི་ཆུའི་ཆུ་འགོར་ཐེངས་མང་ཡོང་ཞིང་། འཁྱགས་རོམ་ཆུང་དུ་འགྲོ་བ་དང་གད་སྙིགས་མང་དུ་འགྲོ་བཞིན་ཡོད་པ་དངོས་སུ་མཐོང་། ཡིན་ཡང་ཕྱི་མིས་གཙང་གསུམ་ཆུ་འགོའི་སྐོར་ཤེས་པ་ཉུང་ཉུང་རེད།
1994ལོར་དབྱང་ཤིན་གྱིས་འབྲི་སྟོད་རྫོང་ནས་ཁོར་ཡུག་སྲུང་སྐྱོང་བ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་གཏམ་རྒྱུད་ཐོག་མར་ཐོས། སྐབས་དེ་དུས་བསོད་ནམས་དར་རྒྱས་སྐུ་གཤེགས་མ་ཐག་ཡིན་པ་དང་། ཁོར་ཡུག་སྲུང་སྐྱོང་བ་ཁོང་གིས་རུ་མི་ཁ་ཤས་ཁྲིད་དེ་དུས་ཡུན་རིང་པོར་འབྲི་ཆུའི་ཆུ་འགོའི་ཁུ་ཁུ་ཤིས་རིར་ལྐོག་རྔོན་རྒྱག་མཁན་ལ་རྡུང་རྡེག་བཏང་མཐར། མི་མེད་ལུང་སྟོང་དུ་སྐུ་གཤེགས་པ་རེད།
གཏམ་རྒྱུད་དེས་དབྱང་ཤིན་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཕྱིས་སུ་ཁོང་གིས་ཕྱིར་དྲན་བྱེད་དུས། སྐབས་དེ་དུས་ཁོང་ལ“ཆུ་འགོ་སྲུང་སྐྱོང་བྱེད་པར་པར་ལེན་ཁོ་ནས་མི་འདང་བའི”ཚོར་སྣང་དངོས་སུ་བྱུང་ཞེས་བཤད།
དེ་ནས་བཟུང་དབྱང་ཤིན་གྱིས་སེམས་ནུས་དེ་བས་མང་བ་འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་ལ་བཏོན།
2000ལོར་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་གཞི་ནས་བསྐྲུན་ཟིན། སྲུང་སྐྱོང་ས་ཚིགས་བསྐྲུན་རྗེས། དབྱང་ཤིན་གྱིས་མི་ཁ་ཤས་ས་མཐོར་བསྡད་ནས་རང་བྱུང་ཁམས་སྲུང་སྐྱོང་བྱེད་པ་ནི་ངལ་བ་འབྲས་ཆུང་ཡིན་པ་རྟོཌ་ཏེ། རིམ་བཞིན“མི་གཉིས་ཀྱི་དགུན་དུས”ཞེས་པའི་འཆར་གཞི་བཏོན་པ་དང་། ཆེད་མངགས་དགའ་རོགས་སམ་ཡང་ན་བཟའ་ཚོ་དང་བླངས་པར་བསྡུས་ཏེ་འབྲི་ཆུའི་ཆུ་འགོ་བརྟན་སྲུང་བྱས་ཡོད།
སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན་ནས། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་བྱ་རྒྱུ་དེ་ཆེད་ལས་ཁྱབ་ཁོངས་ཀྱི་གྲོས་གཞི་ཞིག་ནས་རིམ་བཞིན་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ལས་གཞིར་གྱུར། གངས་རི་དང་རྩྭ་ཐང་གི་བརྙན་པར་སོགས་བརྙན་འཕྲིན་ནས་ཡང་ཡང་སྟོན་གྱི་ཡོད་ལ། གསའ་དང་གཙོད་སོགས་ཀྱི་བརྙན་པར་ཡང་ལག་ཐོགས་ཁ་པར་ནས་རྒྱུན་དུ་མཐོང་བ་དང་། གཙང་གསུམ་ཆུ་འགོའི་སྐོར་གྱི་ཤེས་བྱ་སློབ་མའི་སློབ་དེབ་ཏུ་འཁོད་ཡོད་པ་མ་ཟད། ས་འོག་ལྕགས་ལམ་འབབ་ཚུགས་དང་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཀྱི་དྲིལ་བསྒྲགས་སྒྲོམ་ནས་ཡང་ཡང་སྟོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།