མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་བ་མང་དུས་ཀྱི་སྨན་བཅོས་ཡོ་བྱད་ཀྱི་བདེ་སྲུང་དྲ་བ་བརྟན་པོ་བསྐྲུན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་གནས་ཚུལ་སྤེལ་བར། ཡུལ་སྐོར་བ་མང་བའི་དུས་སུ་སླེབས་པ་དང་བསྟུན་ནས་མཛེས་ལྗོངས་ཁུལ་གྱི་སྨན་བཅོས་ཡོ་བྱད་ཀྱི་བདེ་འཇགས་སྲུང་སྐྱོང་འཛིང་རགས་བརྟན་དུ་གཏོང་བ་དང་། ཡུལ་སྐོར་བས་ཡོ་བྱད་སྤྱོད་སྐབས་ཀྱི་བདེ་འཇགས་སྲུང་ཆེད། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། ཡུལ་དངོས་སུ་བསྐྱོད་དེ་མཛེས་ལྗོངས་ཁུལ་གྱི་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།
ད་ཐེངས་ཀྱི་ཞིབ་བཤེར་ནང་ཅུས་སུ་བཅའ་སྡོད་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་རིགས་གཅིག་མཁས་ཅན་མཛུབ་ཁྲིད་བྱེད་པར་གདན་དྲངས་ཏེ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱས་པ་མ་ཟད། གཉེར་སྐྱོང་བྱེད་པོ་དང་། ཚོང་ཟོག་འཐེན་ཁུངས། གཉེར་སྐྱོང་བྱ་ཡུལ་སོགས་ཕྱོགས་མང་པོར་དམིགས་ནས་འཁོར་འབྲེལ་ཧྲིལ་པོར་ལྟ་འདོམས་དང་ཞིབ་བཤེར་བྱས་ཤིང་། ཐོ་འགོད་སྙན་སེང་དང་། ཆོག་འཐུས། ཚོང་ཟོག་མཁོ་འདོན་བྱེད་མཁན། དེ་བཞིན་ཐོན་རྫས་ཀྱི་ཚད་ལོན་དཔང་ཡིག་བཅས་རེ་རེ་བཞིན་ལ་ཞིབ་བཤེར་བྱས་པ་དང་། བྲིན་ཁ་རྒྱུག་པའི་ཡོ་བྱད་དང་ནད་སྐྱོང་མཁོ་ཆས་ཉོ་སར་ཞིབ་བཤེར་ནན་པོ་བྱས་ནས། ཚོང་ཟོག་གི་ཡོང་ཁུངས་ཁ་གསལ་མེད་པ་དང་། སྤ་སེ་མེད་པ། རྩིས་ཁྲ་ཆ་མི་ཚང་བ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་པ་རེད།
མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཡུལ་སྐོར་བ་མང་བའི་སྐབས་ཀྱི་སྨན་བཅོས་ཡོ་བྱད་ལ་ལྟ་སྐུལ་ཞིབ་བཤེར་ཐེངས་100ལྷག་ཙམ་བྱས་པ་དང་། ཁྲིམས་སྒྱུར་བ་མི་ཐེངས་500ལྷག་ཙམ་བཏང་སྟེ་གཉེར་སྐྱོང་བཀོལ་སྤྱོད་བྱེད་མཁན་380ལྷག་ཙམ་ལ་ཞིབ་བཤེར་བྱས་པ་མ་ཟད། ཞིབ་བཤེར་དང་གྲལ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་དག་ཐེར་བྱ་རྒྱུར་ལྟ་སྐུལ་བྱས་ནས། མང་ཚོགས་ཚོས་ཡུལ་སྐོར་བྱེད་རིང་སྨན་བཅོས་ཡོ་བྱད་སྤྱོད་པའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ཡོད།
འབྲེལ་ཡོད་གསར་འགྱུར།