མངའ་རིས་ས་ཁུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་200ལས་ཐོག་མར་བརྒལ་བ།
ད་ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བར་ཧུར་ཐག་གཞོལ་བ་དང་། གཙོ་གནད་འཕེལ་རྒྱས་ཁྱབ་ཁོངས་ལ་གནད་སྨིན་ངང་དམིགས་པ། དངུལ་རྩའི་ཞབས་ཞུའི་ཞན་ཆ་སེལ་བ། ཡིད་རྟོན་དངུལ་བུན་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་པས། ཟླ་4པའི་ཟླ་མཇུག་བར། ས་ཁུལ་ཡོངས་ཀྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་201.08ཟིན་ནས་སྒོར་དུང་ཕྱུར་200ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཏེ་དུས་མཚུངས་ལས་77.66%འཕར་ནས་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་རེད།
གཙོ་གནད་རྣམ་གྲངས་དམ་འཛིན་བྱ་གཞིར་བྱས་ནས་ལྗང་མདོག་དངུལ་རྩའི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་རྒྱུན་མཐུད་ཕྱིན་ཞིང་། མི་དམངས་དངུལ་ཁང་མངའ་རིས་ས་ཁུལ་ཡན་ལག་དངུལ་ཁང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐོན་སྐྱེད་དང་། སྒྲིག་ཆས་རིམ་སྤོར། སྐྱེ་ཁམས་སླར་གསོ་སོགས་ལྷུ་ཚིགས་ཁག་གི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་རང་འགུལ་ངང་རྗེས་སྙེག་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་མ་དངུལ་བསྡུ་སྒྲིལ་གྱི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱས་ནས་རྣམ་གྲངས་དོན་འཁྱོལ་འཛུགས་སྐྲུན་ལ་ཡིད་རྟོན་དངུལ་བུན་གྱི་འདེགས་སྐྱོར་གནད་སྨིན་དང་ནུས་ཆེ་བྱས་པ་རེད། ཟླ་4པའི་ཟླ་མཇུག་བར། རིམ་རྩིས་བརྒྱབ་ན་རུ་ཐོག་གི་ནུས་རྒྱུ་གཙང་མ་དང་ཀྲུང་ཀོང་ཉིང་རྡུལ་ནུས་རྒྱུ་དྲ་བའི་ཐེག་ཚད་དང་གསོག་ནུས་སོགས་གཙོ་གནད་རྣམ་གྲངས་8ལ་ཡིད་རྟོན་སྒོར་དུང་ཕྱུར་240.85སྤྲད་པ་དང་། རིམ་རྩིས་བརྒྱབ་ན་དངུལ་བུན་སྒོར་དུང་ཕྱུར་67.93བཏང་བ་དེ་དུས་མཚུངས་ལས་205.67%འཕར་ནས། ལྗང་མདོག་ནུས་རྒྱུ་དང་སྐྱེ་ཁམས་འཛུགས་སྐྱོང་སོགས་གཙོ་གནད་ཐོན་ལས་རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་བར་རམ་འདེགས་ནུས་ལྡན་བྱས་པ་རེད།
ཁྲོམ་རའི་འཛད་སྤྱོད་སླར་གསོ་ཡོང་བར་རམ་འདེགས་བྱེད་པའི་ཐད། མི་དམངས་དངུལ་ཁང་མངའ་རིས་ས་ཁུལ་ཡན་ལག་དངུལ་ཁང་གིས་འཛད་སྤྱོད་ཆེར་སྤེལ་ཕྱོགས་སྟོན་དུ་བྱས་ཏེ་འཛད་སྤྱོད་ཁྱབ་ཁོངས་ཀྱི་དངུལ་བུན་གྱི་ནུས་ལྡན་དགོས་མཁོ་འགན་ལེན་དང་། ཡུལ་མིའི་འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་ལ་དམ་པོར་དམིགས་ནས། འཛད་སྤྱོད་ཆེར་སྤེལ་གྱི་ཆེད་དོན་སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་མཐུད་བཏོན་པ་དང་། སྡོད་ཁང་དང་རླངས་འཁོར་སོགས་གཙོ་གནད་འཛད་སྤྱོད་རྣམ་པའི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་གནད་སྨིན་འབྲེལ་མཐུད་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིར་ཡིད་རྟོན་དངུལ་བུན་ཐོན་རྫས་དང་ཞབས་ཞུའི་རྣམ་པ་གསར་གཏོད་དང་ལེགས་སྒྱུར་ལ་ཁྲིད་སྟོན་བྱེད་པ། “སྤྱི་གསོག་མ་དངུལ་དང་ཚོང་ལས”ཀྱི་སྡེབ་སྒྲིག་དངུལ་བུན་དང་། དྲ་ཐོག་དངུལ་བུན། ཕོགས་སྤྱོད་དངུལ་བུན་སོགས་རང་སོའི་ཁྱད་ཆོས་ལྡན་པའི་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་འདོན་པ་བཅས་བྱས་ཡོད། ཟླ་4པའི་ཟླ་མཇུག་བར། མངའ་རིས་ས་ཁུལ་གྱི་ཁྱིམ་དུད་ཀྱི་འཛད་སྤྱོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་45.79ཟིན་པ་དེ་དུས་མཚུངས་ལས་33.73%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།