དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྔོན་ཐོན་མི་སྒེར་ཟླ་བ་དབང་ལགས།

    འཐབ་ས་དང་པོར་འབད། ཁྱིམ་གཞིས་ལེགས་པར་སྐྲུན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-12

    དུས་ཚོད་ཀྱིས་འབད་འཐབ་ཀྱི་རྗེས་ཤུལ་མངོན། མཐོ་སྒང་གིས་སླར་གསོན་གྱི་དཔང་པོ་བྱེད།

    གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རེ་ས་ཤང་དུ་སླར་ཡང་སྐྱོད་སྐབས། བོད་བཟོའི་ཁང་གསར་གྲལ་སྟར་འགྲིག་པོར་བརྒྱབ་པ་དང་། དུད་ཁྱིམ་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་པ། སྒོ་རའི་ནང་ནས་དུ་བ་ལྷོག་ལྷོག་ཏུ་འཕྱུར་བ། རིག་གནས་ཐང་ཆེན་དུ་རྩེད་འཇོར་རོལ་བའི་ཕྲུ་གུ་ཚོའི་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།

    རེ་ས་ཤང་བསྐྱར་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ཁྲོད་ཀྱི“སྲོག་ཤིང”ལྟ་བུ་ཡིན་པའི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་དབང་ལགས་ཀྱིས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ཏེ། ཤང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཞིག་རོའི་སྟེང་ཁྱིམ་གཞིས་གསར་པ་བསྐྲུན་ཡོད།

    རེ་ས་ཤང་གི་ཆ་སྙོམས་ས་བབ་སྨི་4500ཟིན་པ་དང་སྲིད་འཛིན་གྲོང་ཚོ་10ཡོད་པ་དག་སྐར་ཚོགས་བཞིན་རི་ཚོགས་ཀྱི་བར་དུ་ཁ་གྲམ་ནས་ཆགས། ས་ཡོམ་བརྒྱབ་རྗེས་མང་ཚོགས་མི་ཉུང་བ་ཞིག་ཞིག་རོར་སེམས་ཁྲལ་ཆེན་པོ་བྱས། ཁང་པ་གསར་པ་རྒྱག་སའི་ས་ཆ་འདེམས་པ་དང་འཛུགས་སྐྲུན་གྱི་ཚད་གཞིའི་ཐད་ལ་ཐེ་ཚོམ་གྱི་གནས་སུ་གྱར་ཡོད། “ལས་ཀ་མང་ཚོགས་ཀྱི་བློ་ལ་བབས་པ་ཞིག་བྱས་ཚེ། གཞི་ནས་ཚང་མའི་སེམས་ནང་གི་རྡོག་ཁྲེས་ཕབ་ནས་ཁྱིམ་གཞིས་མཉམ་དུ་སྐྲུན་ཐུབ་པའི”གནས་ལུགས་དེ་ཟླ་བ་དབང་ལགས་ཀྱིས་གསལ་པོ་ཤེས་ཀྱི་ཡོད།

    ཁོང་གིས་གནས་སྐབས་ཏང་ཀྲི་པུའུ་ཨར་ལས་བྱ་ཡུལ་དུ་འཛུགས་པར་དུས་ཐོག་ཏུ་སྐུལ་འདེད་བཏང་སྟེ། ཏང་ཡོན་གྱི་གདོང་ལེན་ལས་གནས་དེ་འགལ་བ་གཅིག་སྡུད་ཆེ་ཤོས་ཀྱི་ས་གནས་སུ་བཙུགས་པ་མ་ཟད། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་དང་བླངས་ཞབས་ཞུའི་རུ་ཁག་སྣེ་ཁྲིད་དེ་བཙུགས་ནས“ཚན་པས་གྲོང་ཚོ་འགན་གཙང་ལེན་པ་དང་། ལས་བྱེད་པས་དུད་ཚང་འགན་གཙང་ལེན་པ། ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་གཏུག་བྱེད་པ”བཅས་ཀྱི་ལས་དོན་ཡོངས་སུ་ཁྱབ་པར་བྱས་ཡོད།

    དུས་ཚོད་དེའི་རིང་ཁོང་གི་རྐང་རྗེས་ཤང་ཡོངས་སུ་ཁྱབ་ཅིང་། ཉི་འོད་རབ་ཏུ་འཚེར་ཞིང་བྱེ་རླུང་འུར་འུར་དུ་ལྡང་བའི་ཉིན་མོ་ཡིན་ནའང་འདྲ། ཡང་ན་གྲང་ངར་ཤིན་ཏུ་ཆེ་བའི་མཚན་མོ་ཡིན་ནའང་འདྲ། གང་ལྟར་ཁོང་གིས་ཉིན་མཚན་མེད་པར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བདེ་སྡུག་གླེང་བ་དང་། སྲིད་ཇུས་སྒྲོག་འགྲེལ་བྱེད་པ། རེ་བ་དང་འདུན་པ་ཉན་པ་བཅས་ལས་བྱེད་པ་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་བཏང་ཡོད།

    ས་བབ་མཐོ་བའི་ས་ཁུལ་དུ་ཨར་པོའི་ལས་ཡུན་ཐུང་བ་དང་། གྲང་ངར་ཆེ་བ། འགྲིམ་འགྲུལ་སྟབས་བདེ་པོ་མེད། དེས་ན་ཨར་ལས་རྒྱུ་ཆ་སྐྱེལ་འདྲེན་དང་། དངོས་ཟོག་འགན་ལེན། སྤུས་ཚད་དོ་དམ་ཚོད་འཛིན་སོགས་ཚང་མ་ནི་སྒྲུབ་དཀའ་བའི་ལས་ཀ་ཤ་སྟག་རེད། ཟླ་བ་དབང་ལགས་ཀྱིས་རང་འགུལ་ངང་རང་ཉིད་ཀྱི་ངལ་གསོའི་དུས་ཚོད་དོར་བ་མ་ཟད། གཞུང་ལས་ཁང་ཡང་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་སྤོས་ཡོད།

    ཕྱི་ནས་ཡོང་བའི་ལས་མི་ཇེ་མང་དུ་ཕྱིན་པ་དང་། རྒྱལ་ལམ་318དུ་རླངས་འཁོར་འགྲོ་འོང་བྱེད་མཁན་ཇེ་མང་དུ་ཕྱིན་པ། ཨར་ལས་བྱེད་རིང་སྣུམ་སྤྱོད་འབོར་ཆེ་རུ་ཕྱིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཁོང་གིས་ཁོངས་གཏོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་ཁག་གི་ཨར་ལས་བྱ་ཡུལ་དུ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་དང་། འགལ་བ་དང་རྩོད་གཞི་སེལ་བ། སྨན་བཅོས་བྱེད་པ་དང་སྨན་སྐྱེལ་བ་སོགས་ཀྱི་ལས་དོན་སྤེལ་བར་བསྐྱོད་དེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཆུང་སར་བསལ་ནས་ཨར་ལས་སྡེ་ཚན་གྱི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཏན་ཏིག་བསལ་ཡོད།

    འགྲོ་ལམ་ཤར་གཏོང་མི་ཐུབ་པ་དང་བརྡ་རྟགས་གསལ་པོ་མེད་པའི་ཐག་རིང་ལུང་ཁུག་ཏུ་ཡོད་པའི་རང་བྱུང་གྲོང་ཚོ་ཁག་གཅིག་ལ་ཆ་མཚོན་ན། ཁོང་གིས་རང་འགུལ་ངང་གོང་རིམ་སྡེ་ཚན་དང་འབྲེལ་བ་བྱས་ཏེ་ཆུ་དང་། གློག ལམ། དྲ་བ་བཅས་དུས་གཅིག་ཏུ་བསྐྲུན་པར་སྤྱི་འདོམས་སྐུལ་འདེད་བཏང་མཐར། མང་ཚོགས་དུད་ཚང་112ཀྱི་འགྲོ་ལམ་དང་ཆ་འཕྲིན་ཚང་མ་ཤར་གཏོང་ཐུབ་ཡོད།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར། 2025ལོའི་ཟླ་10པའི་ཟླ་མཇུག་ཏུ་རེ་ས་ཤང་གི་མང་ཚོགས་དུད་ཚང་423གྱི་སྡོད་ཁང་བསྐྱར་སྐྲུན་དང་དུད་ཚང་126གི་སྡོད་ཁང་ཉམས་གསོ་བརྟན་གཏོང་གི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

    བདེ་སྡོད་བྱུང་ན་ལས་བརྩོན་ཐུབ་ངེས་རེད། བསྐྱར་སྐྲུན་ནི་མཇུག་འགྲིལ་ས་མིན་པར་བདེ་སྐྱིད་འཚོ་བ་སྐྱེལ་འགོ་ཚུགས་ས་གསར་པ་རེད། ཟླ་བ་དབང་ལགས་དང་ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས“བསྐྱར་སྐྲུན་དང་འཕེལ་རྒྱས་གལ་ཆེ་མཉམ་བརྩི་དང་བདེ་སྡོད་དང་ལས་བརྩོན་དུས་གཅིག་ཏུ་བྱ་རྒྱུ”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་སྡོད་ཁང་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བ་སྔ་སྣུར་དུ་ཇུས་འགོད་ཀྱང་བྱས་ཤིང་། ཁོང་གིས་བསྐྱར་སྐྲུན་དང་ལས་མི་སྤྱོད་པའི་གོ་སྐབས་དམ་པོར་བཟུང་སྟེ། ཨར་སྐྲུན་ཁེ་ལས་དང་འབྲེལ་བ་བྱས་ནས་རྩལ་ནུས་གསོ་སྦྱོང་བྱས་པ་དང་། གནོད་འཚེ་ཕོག་པའི་ཁྱིམ་ཚང་756ཉེ་འཁོར་དུ་ལས་ཀར་ཞུགས་རྒྱུ་བྱུང་ནས་རིམ་རྩིས་བརྒྱབ་ན་འབབ་འཕར་སྒོར་ཁྲི་2476ལྷག་ཙམ་བྱུང་ཡོད། འཚོ་རྟེན་ལས་སྤྲོད་དང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་སྒྲིག་སོགས་དམངས་འཚོའི་རྣམ་གྲངས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཁང་པའི་རྒྱབ་མདུན་དུ་ཤིང་འཛུགས་དང་མཉམ་སྡེབ་ནགས་བཟོ་སྡོང་རྐང་3200ལྷག་ཙམ་བྱས་པ་དང་། གྲོང་ཚོའི་གཙང་སྦྲ་དོད་པ་དང་སྒོ་ར་མཛེས་བཟོ་སོགས་ཆེད་དོན་བཅོས་སྒྲིག་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ། ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱས་ཤིང་། 2025ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་268ཐག་གཅོད་བྱས་ཡོད།

    “གཟི་བརྗིད་མཚན་སྙན་དེ་ནི་ང་གཅིག་པུའི་མིན་པར། བསྐྱར་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ཏང་ཡོན་ལས་བྱེད་པ་ཚང་མ་དང་ཤང་ཡོངས་ཀྱི་ཡུལ་མི་ཚང་མའི་རེད”“བོདཀྱི་‘1·07’གྱི་དིང་རིའི་ས་ཡོམ་སླར་གསོ་བསྐྱར་སྐྲུན་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་ཟླ་བ་དབང་ལགས་སྔར་བཞིན་རིག་པ་དྭངས་གསལ་ཡོད་ལ་ཁེངས་སྐྱུང་ཆེན་པོའང་ཡོད་ཅིང་། ཁོང་གིས་མུ་མཐུད་ས་མཐོར་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ནས་ཐོབ་པར་དཀའ་བའི་བདེ་སྐྱིད་ལྡན་པའི་འཚོ་བར་སེམས་ནུས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།