དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • “ཉི་འོད་གྲོང་ཁྱེར”ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་པ།

    ལྷ་སས་དཔལ་འབྱོར་བསྡོམས་འབོར་དུང་ཕྱུར་སྟོང་ལས་བརྒལ་བའི་རྒྱུགས་ལན་ཕུལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-12

    “ལོ་ལྔ་ཚན་བཅུ་བཞི་པ”འགོ་ཚུགས་པའི་2020ལོར་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་690ལྷག་ཙམ་ཟིན་པ་ནས“ལོ་ལྔ་ཚན་བཅུ་བཞི་པ”མཇུག་འགྲིལ་བའི་2025ལོར་སྒོར་དུང་ཕྱུར་ཆིག་སྟོང་ལས་བརྒལ་བའི་བར། ལོ་ལྔའི་རིང་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལོ་རེ་བཞིན་སྐས་རིམ་གསར་པར་སླེབས་པ་དང་གྲུབ་འབྲས་ཆེན་པོ་ཐོབ་ཡོད།

    ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས“གྲུབ་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་བློའི་གོ་རྟོགས་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་དགེ་སྤེལ་སྐྱོན་སྤོང་དང་སྙིང་རུས་གཏན་འཁྱོངས་ཀྱིས་མཐའ་མཚམས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་རྒྱུགས་ལན་གསར་པ་ཞིག་ཕུལ་ཡོད།

    ཡུལ་བབ་དང་བསྟུན་པ། དེང་རབས་ཀྱི་ཐོན་ལས་མ་ལག་ལ་བརྟེན་ནས“དཀའ་སེལ་གསར་འཛུགས”བྱས་པ།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་གནས་པའི་བོད་ལྗོངས་ཅུས་ལུང་གཏེར་ལས་ཚད་ཡོད་ཀུང་སིར་སྐྱོད་སྐབས། རྒྱང་རིང་རིག་ནུས་ཚོད་འཛིན་ལས་སྟེགས་མདུན་དུ་ལག་རྩལ་པས་བཟོ་དབྱིབས་གཅིག་པའི་སོ་འཁོར་འབིགས་འཕྲུལ་2དུས་གཅིག་ཏུ་བཀོལ་སྤྱོད་བྱེད་བཞིན་འདུག

    “མི་དང་འཕྲུལ་ཆས་ལོགས་དབྱེའི་རྣམ་པས་བཀོལ་སྤྱོད་པ་ཐལ་རྡུལ་མང་བ་དང་འཛེར་སྒྲ་ཆེ་བ་སོགས་ལས་སྒྲུབ་ཁོར་ཡུག་ནང་སྡོད་མི་དགོས་པར་ལས་སྒྲུབ་ཀྱི་བདེ་འཇགས་འགན་ལེན་ཐུབ་པ་མ་ཟད། གཏེར་རིའི་ལས་རིགས་ནད་ཐོན་ཚད་ཧ་ཅང་ཉུང་དུ་ཕྱིན་ཡོད”ཅེས་བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚའོ་པིན་གྱིས་ངོ་སྤྲོད་བྱས།

    ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཙོའུ་ཧྭ་ཝེ་ཡིས། ལྷ་ས་གྲོང་ཁྱེར་གྱིས“མཐོ་གཉིས་དམའ་གཅིག”གི་རྣམ་གྲངས་ནང་འདྲེན་མི་བྱེད་པའི་མཐའ་ཚད་བརྟན་པོ་བསྲུངས་ནས་བཟོ་ལས་ཐཱན་ཉུང་ཅན་དང་རྩེར་སོན་ཅན་དུ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་བཏང་བས། 2025ལོར་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་271.61ཟིན་ནས་དཔལ་འབྱོར་གྱི་བསྡུར་གྲངས་བཟུང་ཚད་24.9%བར་མཐོ་རུ་ཕྱིན་ཏེ་བཟོ་ལས་ཀྱི“གྲུ་རྡོའི”ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།

    མུན་རུབ་དུས་ལྷ་སའི་སྐྱིད་ཆུའི་སྤྲོ་གསེང་གྲུ་གཟིངས་དལ་གྱིས་གཏོང་བ་དང་གློག་འོད་ཁྲ་ཆིལ་ལེར་འཕྲོ་བ་ལས་ལྷ་ས་གྲོང་ཁྱེར་གྱི་ལོ་ངོ་སྟོང་གི་ལོ་རྒྱུས་དང་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་མངོན་འོང་། “སྤྲོ་གསེང་གྲུ་གཟིངས་ཐོག་འཁྲབ་སྟོན་དང་མཛེས་ལྗོངས་ལ་རོལ་བ་ལས་བག་ཕེབས་ཀྱི་སྣང་བ་ཞིག་སྦྱིན་གྱི་འདུག”ཅེས་ཀོང་ཏུང་ནས་ཡོང་བའི་སྐུ་ཞབས་ཀྲུང་ལགས་ཀྱིས་བཤད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཁྱད་ལྡན་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས“བརྩེ་བས་ཕྱུག་པའི་ལྷ་སའི་སྐྱིད་ཆུ”དང“ཐང་བོད་ཀྱི་ངོ་མཚར་མཚན་མོ”སོགས་ཀྱི་གཙོ་གནད་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་བཏང་བས། རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་སྤྲོ་གསེང་ལྟ་སྐོར་ནས་མྱོང་རོལ་ལ་གྱུར་ཏེ“རིག་གནས་ཀྱི་ཟབ་ཚད”དང“རིག་གནས་ཀྱི་དྲོད་ཚད”མཉམ་གནས་ཐུབ་ཡོད།

    ལམ་སྲོལ་གྱི་བཀག་རྒྱ་གཏོར་བ། སྒྱུར་བཅོས་དང་ཞབས་ཞུར་བརྟེན་ནས“ལྷ་སའི་འགུག་ཤུགས”བཏོད་པ།

    2025ལོའི་ཟླ་10པར། ཕྱི་རྒྱལ་གྱི་མ་འཇོག་བྱས་པའི་རིན་ཆེན་ལྕགས་རིགས་ལས་སྣོན་རྣམ་གྲངས་ཤིག་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཚོད་ལྟའི་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། ཟླ་8པར་ཁུལ་དེར་ཞུགས་རྒྱུའི་གྲོས་མཐུན་བཞག་པ་ནས་ཟླ་10པར་ཚོད་ལྟ་འཁོར་སྐྱོད་བྱེད་འགོ་ཚུཌ་པའི་བར་དུས་ཐུང་ཟླ་2ནང་བརྒྱུད་རིམ་ཧྲིལ་པོའི་གྲ་སྒྲིག་ལེགས་གྲུབ་ཟིན་ནས“ཚོང་འགུགས་བྱས་པའི་ལོ་དེ་རང་ལ་ཚོད་ལྟ་འཁོར་སྐྱོད་ཐུབ་པའི”ས་མཐོའི་མྱུར་ཚད་བཏོད་པ་རེད།

    ཚོང་གཉེར་ཁོར་ཡུག་བཟང་མིན་གྱི་སྐད་ཆ་ཤོད་དབང་ཆེ་ཤོས་ཁེ་ལས་ལ་ཡོད། “བུ་རྫི་རྣམ་པའི”ཞབས་ཞུ་དང“མྱུར་ཚད་མགྱོགས་གཏོང”གི་སྐུལ་འདེད་གཏོང་སྟངས་དེ་རིགས་ལས་ཁེ་ལས་དེ་བས་མང་བ་ལྷ་སར་གཞི་ཚུགས་པ་དང་ས་མཐོར་འབད་འཐབ་བྱ་རྒྱུའི་གདམ་ག་བྱེད་ཀྱི་ཡོད། 2025ལོར་ལྷ་སར་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་ཁྲི་2.89མང་དུ་ཕྱིན་པ་དང་ཐོ་འགོད་བྱས་པའི་གཉེར་སྐྱོང་བྱེད་པོ་ཁྲི་21.31ཟིན་པ་དེས་བོད་ཀྱི་གསུམ་ཆ་གཅིག་བཟུང་ཡོད།

    དཔལ་འབྱོར་འཁོར་རྒྱུག་གི་འཕེལ་ཕྱོགས་དུས་ཐོག་དང་གནད་འཁེལ་ངང་ཁོང་དུ་ཆུད་ཐུབ་པ་བྱ་ཆེད། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་དམིགས་ཚད་ཆེ་ཁག་39དང་ཞིབ་ཕྲའི་དམིགས་ཚད་132ཚུད་པའི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་དམིགས་ཚད་མ་ལག་བཙུགས་ཏེ། རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་། ཟླ་ཕྱེད་ཀྱི་བཀོད་གཏོང་། ཟླ་རེའི་དབྱེ་ཞིབ་བཅས་བརྒྱུད་དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་དཀའ་གནད་དང་འགག་གནད་དུས་ཐོག་ཏུ་གྲལ་བཤེར་ཐག་གཅོད་བྱས་ནས་དཔལ་འབྱོར་ལུགས་མཐུན་གྱི་ཁྱབ་ཁོངས་ནང་འཁོར་རྒྱུག་ཐུབ་པར་བྱས་ཡོད།

    2025ལོའི་ཟླ་5པར་ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་གླིང་དངོས་སུ་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ། བོད་ཀྱི་ཞིང་ཆེན་རིམ་པའི་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་གླིང་ཐོག་མ་དེར་བདམས་པ་དང་ཟླ་དེར་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་1.4ཟིན་ཡོད།

    “ཐོན་ལས་གླིང་གི‘རྒྱལ་ནང་ནས་ཚོང་ཟོག་གཅིག་སྡུད་བྱེད་པ་དང་། ལྷ་ས་ནས་བརྒྱུད་པ། ཕྱི་རྒྱལ་མཛོད་ནས་ཐད་གཏོང་བཅས་ཟུང་དུ་འབྲེལ་བའི’རིམ་གསུམ་ཟོག་འགྲུལ་དྲ་རྒྱའི་རྣམ་པར་བརྟེན་ནས་ང་ཚོའི་རླངས་འཁོར་ཧྲིལ་པོའི་ཕྱིར་གཏོང་གི་དུས་འཁོར་ཆེས་ཆེར་ཉུང་དུ་ཕྱིན་པ་དང་བགྲོད་ལམ་གྱི་བརྟན་པོའི་རང་བཞིན་ལ་ཁྲོམ་རའི་ཁས་ལེན་ཐོབ་ཡོད”ཅེས་ལྷ་ས་བོད་ནེ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཧྥུའུ་ཀོང་དབྱི་ཡིས་བཤད།

    མིག་སྔར་གླིང་ཁུལ་གྱིས་རྒྱལ་སྒྲོལ་དྲ་ཚོང་ཁེ་ལས་12ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་ནེ་པ་ལའི་ཀ་ཏ་མན་རྡུའི་ཕྱི་རྒྱལ་མཛོད་ཀྱི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། “ལྷ་ས་ཁྲལ་སྲུང་རྒྱལ་སྒྲོལ་ཚོང་ཟོག་ལྟེ་གནས་ཚོང་ཁང”ཚོད་ལྟ་གཉེར་སྐྱོང་བྱས་ནས“ཉོ་བའི་ཉིན་དེ་རང་ལ་ལག་ཏུ་འབྱོར་ཐུབ་པ”བྱུང་སྟེ་གྲོང་མི་ཚོས་ཁྱིམ་ནས“གོ་ལ་ཧྲིལ་པོའི་ཚོང་ཟོག་ཉོ་ཐུབ་པ”བྱུང་ཡོད།

    གནས་འཕྲོད་ལས་འཚམ་བྱུང་བ། དམངས་ཀྱི་རེ་འདོད་ལ་གཞིགས་ནས“དམངས་འཚོའི་བདེ་རྩ”ཆེ་རུ་བཏང་བ།

    “ལོ་ལྟར་ནོར་ཤུགས་ནས་70%ཡན་དམངས་འཚོར་གཏོང་རྒྱུ”ནི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཁས་ལེན་ནན་པོ་བྱས་པ་ཞིག་ཡིན་ལ། ཁས་ལེན་དེ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་ཐོབ་སྣང་དང་སྐྱིད་སྣང་དུ་འགྱུར་བཞིན་ཡོད།

    གངས་རི་བརྗིད་ཆགས་ཤིང་ནམ་མཁའ་གཡའ་དག་པ་དང་། དྭངས་གཙང་ཆུ་མོ་ཤང་ཤང་དུ་རྒྱུག་ཅིང་རྩྭ་རྩི་ཤིང་གིས་ཁོ་ར་ཁོར་ཡུག་ཡོངས་སུ་བརྒྱན། ད་ཆ་སྒེའུ་ཁུང་ཕྱེ་མ་ཐག་སྔོ་ལྗང་རྩི་ཤིང་མཐོང་རྒྱུ་ཡོད་པ་དང་ཁྱིམ་སྒོ་ནས་དོན་མ་ཐག་གང་སར་སྤང་གཞོང་ཡིན་པ་ནི་མི་སེར་གྱི་རྒྱུན་གཏན་འཚོ་བའི་གནས་སྟངས་ཤིག་ཏུ་གྱུར་ཡོད།

    2025ལོའི་ཟླ་8པར་ཕོ་བྲང་པོ་ཏ་ལའི་ནུབ་ངོས་དང་ལྕགས་པོ་རིའི་འདབས་སུ་གནས་པའི་ལྷ་སའི་མཐུན་སྒྲིལ་སྤྱི་གླིང་དངོས་སུ་སྤྱི་དམངས་ལ་སྒོ་ཕྱེ་བ་རེད། སྤྱི་གླིང་ནང་གི་རྫིང་བུ་དྭངས་ཤིང་གཙང་བ་དང་། སྔོ་ལྗང་ལྗོན་ཤིང་འོག་གི་བསིལ་གྲིབ་སྐྱིད་པ། མེ་ཏོག་སྣ་ཚོགས་ལྷུག་པོར་བཞད་ཡོད། “ང་ད་གིན་རང་སྤྱི་གླིང་དུ་འཆམ་འཆམ་ལ་ཕྱིན་པ་ཡིན། སེམས་པ་ཧ་ཅང་སྐྱིད་པོ་འདུག” སྤྱི་གླིང་ཉེ་འགྲམ་དུ་སྡོད་མཁན་གྲོང་མི་བདེ་གཡང་གིས། སྤྱི་གླིང་བསྐྲུན་རྗེས་ང་རང་གི་འཚོ་བའི་སྤུས་ཚད་ཀྱང་ཡག་ཏུ་ཕྱིན་སོང་ཞེས་བཤད།

    འདི་གར་ཡུན་རིང་འཚོ་བ་སྐྱེལ་མཁན་ལ་གཅིག་མཚུངས་ཀྱི་མྱོང་ཚོར་ཞིག་ཡོད་པ་ནི་ལྷ་ས་གྲོང་ཁྱེར་གྱི་གནམ་གཤིས་སྐམ་ཤས་ཆེ་བ་ནས་བརླན་གཤེར་ཅན་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དེ་རེད། ལྷ་ས་གྲོང་ཁྱེར་གྱིས་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དེ་རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་འཛུགས་གཏོད་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་བཅོས་སྒྲིག་རིམ་སྤོར་ལས་གྲྭ་གཙོ་གནད་དུ་ལག་བསྟར་བྱས་ཏེ། ལྕགས་པོ་རིའི་ཁོར་ཡུག་བཅོས་སྒྲིག་དང་གླིང་ཕྲན་གཉིས་ཁུལ་གྱི་ཆུ་བོ་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་བཏང་བས“ཆུ་བཟང་གྲོང་ཁྱེར”རིམ་བཞིན་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་གྲོང་ཁྱེར་གྱི་ཆུ་རྒྱུད་སྤྱི་ལེ་62.5བསྐྲུན་པ་དང་། གྲོང་ཁྱེར་གྱི་ཆུའི་རྒྱ་ཁྱོན་སྤྱི་ཆིང་800ཙམ་ཆེ་རུ་ཕྱིན་པ། གྲོང་ཁྱེར་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་14ཙམ་སླར་གསོ་ཐུབ་ཡོད།

    “ལྷ་སའི་གློ་བ”ཞེས་གྲགས་པའི་ལྷ་ཀླུ་འདམ་རར་དུས་བྱ་ཅི་དགར་རོལ་བ་དང་། སྔོན་མའི་ལྷོ་བྱང་གི་རི་ཁ་སྤུ་མེད་ད་ཆ་སྔོ་ཐིང་ཐིང་དུ་གྱུར་ཡོད། 2021ལོར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་སྐྲུན་འགོ་ཚུགས་ཤིང་། འཆར་གཞི་ལྟར་ན་ལོ་10ཡི་ནང་ནགས་བཟོ་མུའུ་ཁྲི་206.72བྱ་རྩིས་ཡོད་པ་རེད། མིག་སྔའི་བར་ནགས་བཟོ་མུའུ་ཁྲི་90ལེགས་གྲུབ་ཟིན་པ་དང་སྡོང་ཕྲུག་སྣ་ཚོགས་རྐང་དུང་ཕྱུར་1.2ལྷག་ཙམ་བཏབ་ནས་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་གྲོང་ཁྱེར་ག་ལེར་ཆགས་བཞིན་ཡོད་པ་རེད།

    2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་པས་ལྷ་སར་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་མང་པོ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེས་མི་རིགས་ཁག་གི་མང་ཚོགས་ཚོས་དུས་རབས་གསར་པར་འབད་འཐབ་བྱེད་པའི་སྤྲོ་བ་ཤུགས་ཆེན་འཕེལ་ཡོད།

    ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག་མཐའ་མཚམས་མི་རིགས་ས་ཁུལ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་ཐུབ་པའི་གདིང་ཤུགས་དང་། གདེང་ཚོད། ནུས་པ་བཅས་ཡོད་པ་ར་འཕྲོད་བྱུང་ཡོད།

    འདས་ཟིན་པར་ཕྱིར་མིག་བལྟས་ཚེ། “ལོ་ལྔ་ཚན་བཅུ་བཞི་པར”གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། “ལོ་ལྔ་ཚན་བཅོ་ལྔ་པའི”བརྗིད་ཆེའི་འཆར་གཞི་བཀོད་ཡོད། ལྷ་ས་གྲོང་ཁྱེར་གྱིས་དཔའ་ངར་ཆེར་སྐྱེད་ཀྱིས་རྒྱང་ལམ་གསར་པར་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད།

    (《ཤིན་ཧྭ་ཉིན་རེའི་གློག་འཕྲིན》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།