ཞི་ཅིན་ཕིང་གིས་ཁྲའོ་ཞན་ནང་བློན་ཁང་གི་ཙུང་ལི་ཕེའོ་ཐའེ་ཁྲེང་དང་མཇལ་འཛོམས་གནང་བ།

ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ནང་བློན་ཁང་གི་ཙུང་ལི་བཅས་ཡིན་པའི་ཕེའོ་ཐའེ་ཁྲེང་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ནང་བློན་ཁང་གི་ཙུང་ལི་བཅས་ཡིན་པའི་ཕེའོ་ཐའེ་ཁྲེང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཟླ་གོང་མར། ངས་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་ལྷན་དུ་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དང་འཕེལ་རྒྱས་བཏང་བ་དང་འབྲེལ། དེར་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་པར་འཐབ་ཇུས་ཀྱི་མཛུབ་ཁྲིད་བྱས་ཡོད། མི་རབས་ནས་མི་རབས་དབར་གྱི་མཛའ་གྲོགས་དང་། ལས་དབང་གཅིག་མཐུན། ཕན་ཚུན་ལྟ་སྐྱོང་བཅས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། 《ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》གིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཁྲག་དྲོན་ལ་བརྟེན་ནས་དམ་པོར་སྦྲེལ་བའི་དམག་འཐབ་མཛའ་གྲོགས་སྲ་བརྟན་དུ་གཏོང་ཆེད་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་རྨང་གཞི་གལ་ཆེན་བཏིང་ཡོད། ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས། ཆིངས་ཡིག་བཞག་ནས་ལོ་ངོ་65འཁོར་བར་མཉམ་དུ་དྲན་གསོ་གཟབ་རྒྱས་ཞུ་བ་གོ་སྐབས་སུ་བྱས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པའི་ཐོག་མའི་བསམ་འདུན་དང་དམིགས་ཡུལ་མི་བརྗེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ནས། ལོ་རྒྱུས་ཀྱི་དུས་སྐབས་གསར་པར་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱུན་མཐུད་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱེད་པའི་མོས་མཐུན་གཅིག་མཐུན་བྱས་པ་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་ཡོད། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་མགྱོགས་མྱུར་དོན་འཁྱོལ། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་ཡོང་བའི་འགན་ལེན་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རང་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བརྟན་དུ་གཏོང་བར་ཕན་པ་དང་རང་རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཕན་པའི་ཁ་ཕྱོགས་སུ་སྐྱོད་དགོས། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། དམངས་འདོད་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་བ། ཐུན་མོང་གི་གསར་བརྗེའི་དྲན་ཤེས་དང་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གཞོན་ནུས་ཀྲུང་གོ་མི་དམངས་དང་བླངས་དམག་གི་ལོ་རྒྱུས་བྱས་རྗེས་བློ་ལ་བརྟན་པོར་ངེས་པ་དང་རླབས་ཆེན་གྱི་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་དགོས། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རང་རང་སོ་སོའི་རང་བདག་དབང་ཆ་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོབ་བརྟན་པོ་བྱས་ནས། རྒྱལ་ཁབ་གཉིས་པོས་རང་ཉིད་ཀྱི་རྒྱལ་བབ་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་ཡག་པོ་བསྐྱོད་པར་ཕན་པའི་ཕྱི་རོལ་གྱི་ཁོར་ཡུག་སྐྲུན་དགོས།
ཕེའོ་ཐའེ་ཁྲེང་གིས་དང་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས《ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་ངོ་65འཁོར་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཀྲུང་གོའི་ཏང་དང་མི་དམངས་ལ་འགོ་ཁྲིད་གནང་བའི་བླ་ན་མེད་པའི་བྱ་གཞག་ཁྲོད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཕེའོ་ཐའེ་ཁྲེང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་གནང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་རྟེན་འབྲེལ་ཞུ་གི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོ་ཕྱི་རྒྱལ་དུ་འཚམས་འདྲི་གནང་ཡུལ་དང་པོ་ཁྲའོ་ཞན་བདམས་གནང་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པས་ལོ་རྒྱུས་རང་བཞིན་གྱི་ཞལ་འཛོམས་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ལམ་ཚད་རྡོ་རིང་གསར་པ་བཏོད་པས་ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད། 《ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》གིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བཅའ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།
ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོས་ཆིངས་ཡིག་གི་དགོངས་དོན་ལ་གཞིགས་ནས་ཕན་ཚུན་ལྟ་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་ལག་གདང་སྦྲེལ་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱས་ཡོད། རྒྱལ་ཁབ་གཉིས་པོས་ཆིངས་ཡིག་བཞག་ནས་ལོ་ངོ་65འཁོར་བའི་དྲན་གསོའི་བྱེད་སྒོ་གཟབ་རྒྱས་སྤེལ་བ་དེ་ཐོག་ནས་ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་ལ་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་ཚད་མཐོའི་འཐབ་ཇུས་རང་བཞིན་ལྡན་པ་སླར་ཡང་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་ཆེས་སྟོབས་དང་ལྡན་པའི་འཐབ་ཇུས་ཀྱི་འབྲེལ་བར་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་ཐའེ་དབན་སོགས་ཀྱི་གནད་དོན་ཐད་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ཁྲའོ་ཞན་དང་ཀྲུང་གོའི་མཐུན་སྒྲིལ་མཛའ་གྲོགས་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་སྐས་རིམ་གསར་པ་དེ་བས་མཐོ་བ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན།
ཝང་དབྱི་མཇལ་འཛོམས་ལ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།