དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་ཨེན་ཏའེ་ཐེ་ཝ་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-12

    ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ན་སྨི་པི་ཡའི་ཙུང་ཐུང་ཨེན་ཏའེ་ཐེ་ཝ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཨེན་ཏའེ་ཐེ་ཝ་དང་སྐུ་ཟླ་ཨའེ་ཕ་ཧྥུའུ་ལཱ་སི་དང་ལྷན་དུ་སྐུ་པར་བསྐྱོན་བཞིན་པ།

    ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ན་སྨི་པི་ཡའི་ཙུང་ཐུང་ཨེན་ཏའེ་ཐེ་ཝ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨེན་ཏའེ་ཐེ་ཝར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ན་སྨི་པི་ཡའི་ཙུང་ཐུང་ཨེན་ཏའེ་ཐེ་ཝ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་གཉིས་པོའི་འབྲེལ་བའི་ངེས་གནས་དེ་དུས་རབས་གསར་པའི་ཀྲུང་ནའི་ལས་དབང་གཅིག་མཐུན་ཚོགས་པར་མཐོ་རུ་གཏོང་རྒྱུ་ཡིན་པ་ཐུན་མོང་ཐོག་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ན་སྨི་པི་ཡར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཞིང་ཐུན་མོང་གི་འཕེལ་རྒྱས་དོན་གཉེར་བྱེད་ཀྱི་ཡོད། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། མཛའ་གྲོགས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་ནུས་ལྡན་བསྐྲུན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། ན་སྨི་པི་ཡས་2030ལོའི་རྒྱང་རིང་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་པས། རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་དུས་ལ་བབས་ཤིང་མདུན་ལམ་ཡག་པོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འདུ་ཤེས་སྤེལ་རེས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རང་རང་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་འགྲོ་ལམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད།

    ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་ནའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་དགོངས་འཆར་ཁག་3བཏོན་གནང་བ་སྟེ། གཅིག་ནི་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ་འདུ་ཤེས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ། ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་རྒྱུན་གཏན་ནས་འབྲེལ་གཏུག་རྒྱུན་འཁྱོངས་བཅས་བྱས་ནས། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། གཉིས་ནི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་53ལ་སྒོ་ཁྲལ་མེད་པའི་བྱ་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དེ་ནི་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གསར་གཏོད་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད་ལ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པའི“དུས་ཐོག་ཆར་པ”ཞིག་ཀྱང་རེད།

    ན་སྨི་པི་ཡ་ཕྱོགས་ཀྱིས་སྒོ་ཁྲལ་མེད་པ་དང་རིམ་སྤོར་བྱས་རྗེས་ཀྱི་ཀྲུང་གོར་ཕྱིར་གཏོང་ཐོན་རྫས་ཀྱི“ཐོགས་མེད་བགྲོད་ལམ”དང་དེ་བཞིན་གཟིགས་སྐྱོང་སྲིད་ཇུས་གཞན་དག་ཡག་པོ་སྤྱད་དེ། ན་སྨི་པི་ཡའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་གང་མགྱོགས་ཀྲུང་གོའི་ཁྲོམ་རར་འདོན་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ། གཏེར་ཁ། ཞིང་ལས། སློབ་གསོ། གཞོན་ནུ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། གསུམ་ནི་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ཏེ་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱེད་དགོས། ཀྲུང་ན་རྒྱལ་ཁབ་གཉིས་པོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡིན་པས། རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ཡོད་ལ་འདྲ་མཚུངས་ཀྱི་རིན་ཐང་གཉེར་ཕྱོགས་ཀྱང་ཡོད། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཟིལ་ཤུགས་དང་སྟོབས་ཤུགས་ཆེ་རུ་རྒྱུན་མཐུད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཨ་ཧྥེ་རི་ཁར་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་གསར་སྤེལ་བྱེད་རོགས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་ཏན་ཏིག་བསྒྱུར་བར་བྱ་རྒྱུ་ནི་ཨ་ཧྥེ་རི་ཁའི་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་གཏེར་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅིང་། རྩ་དོན་3གཙོ་གནད་ཐོག་སྟངས་འཛིན་ཡག་པོ་བྱེད་དགོས། གཅིག་ནི་གཉིས་ཁེ་གཉིས་ཕན་བྱ་རྒྱུ་དེ་རེད། ཨ་ཧྥེ་རི་ཁ་ཕྱོགས་ལ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཀྲུང་གོ་ཕྱོགས་ལ་སྔོན་ཐོན་ལག་རྩལ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་ཡོད་པས། ཕྱོགས་གཉིས་པོས་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱེད་དགོས། གཉིས་ནི་མཛའ་མཐུན་གྲོས་མོལ་བྱ་རྒྱུ་དེ་རེད། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་རྒྱུ་ནི་ཀྲུང་ཧྥེའི་མཉམ་ལས་ཀྱི་དམིགས་བསལ་ལེགས་ཆ་དང་འགན་སྲུང་གལ་ཆེན་ཞིག་ཡིན་པས། ཀྲུང་ཧྥེའི་མཛའ་མཐུན་ཀྱི་སྤྱི་ཡོངས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། འབྲེལ་གཏུག་གྲོས་མོལ་བརྒྱུད་མཉམ་ལས་ཁྲོད་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས། གསུམ་ནི་གསར་འབྱེད་ཡར་བརྩོན་བྱ་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཁྲོམ་ར་ཅན་དང་ཚོང་ལས་ཅན་གྱི་རྩ་དོན་གཞིར་བཟུང་མཉམ་ལས་ཀྱི་བསམ་ཕྱོགས་གསར་དུ་བཏོད་དེ་ཀྲུང་ཧྥེའི་གཏེར་ལས་མཉམ་ལས་རྒྱུན་ཆད་མེད་པར་སྤུས་འདེགས་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    ཨེན་ཏའེ་ཐེ་ཝ་ཡིས་གསུངས་དོན། ན་སྨི་པི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་བཙུགས་པའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད། ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ། མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ན་སྨི་པི་ཡ་མི་དམངས་རྩ་འཛུགས་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་ཏང་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། ན་སྨི་པི་ཡ་ཡིས་ཀྲུང་གོ་དང་ཚོང་དོན་འགྲོ་འོང་རྒྱ་ཆེར་བཏང་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ན་སྨི་པི་ཡར་མ་འཇོག་ལས་དར་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་དང་ཕྱོགས་གཉིས་པོས་བཟོ་ལས་དང་། གཏེར་ལས། རྨང་གཞིའི་སྒྲིག་བཀོད། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ཚན་རྩལ། ཞིང་ལས། ཆུ་བེད་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ན་སྨི་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ན་སྨི་པི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞུང་དྲང་གི་ལངས་ཕྱོགས་མཐའ་འཁྱོངས་བྱེད་ཀྱི་ཡོད། ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།

    གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ཚོང་དོན་དང་། སྨན་བཅོས་འཕྲོད་བསྟེན། སློབ་གསོ། མི་ཤུགས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་ལྷན་དུ་དཔང་པོ་གནང་བ་རེད།

    ཕྱོགས་གཉིས་པོས《དུས་རབས་གསར་པའི་ཀྲུང་ནའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ན་སྨི་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

    གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨེན་ཏའེ་ཐེ་ཝ་དང་སྐུ་ཟླ་ཨའེ་ཕ་ཧྥུའུ་ལཱ་སིར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

    ཨེན་ཏའེ་ཐེ་ཝ་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་གྲལ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་ནས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཨེན་ཏའེ་ཐེ་ཝ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ནས་རྣམ་འབྱེད་རུ་སྟར་ལ་གཟིགས་པ་རེད།

    ཉིན་དེའི་དགོང་མོར་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཨེན་ཏའེ་ཐེ་ཝ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།