ཀྲུང་གོའི་འཐུས་མིས་འགྲོ་བ་མིའི་ཐོབ་ཐང་དེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ཆབ་སྲིད་ཀྱི་ལག་ཆར་བརྩི་མི་རུང་བའི་ནན་བཤད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་སུན་ལེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གནས་བབ་བསྐྱར་ཞིབ་བྱེད་པའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་རྗེས་འགྲེལ་བཤད་རང་བཞིན་གྱི་གཏམ་བཤད་སྤེལ་ནས། རྒྱལ་ཁབ་ཅིག་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་གདེང་འཇོག་བྱེད་སྐབས་རྒྱལ་ཁབ་གཞན་གྱི་ཚད་གཞིར་བརྟེན་ནས་བསྡུར་ཞིབ་བྱེད་མི་རུང་ལ་ཚད་གཞི་ཉིས་བརྩེགས་དེ་བས་ཀྱང་བཟུང་མི་རུང་། ཐ་ན་འགྲོ་བ་མིའི་ཐོབ་ཐང་དེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ཆབ་སྲིད་ཀྱི་ལག་ཆར་བརྩིས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྟེགས་འདི་ཉིད་གནོན་ཤུགས་སྤྲོད་ཡུལ་དང་འགྲན་རྒོལ་བྱ་ཡུལ་དུ་བསྒྱུར་མི་རུང་ཞེས་བརྗོད།
སུན་ལེ་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས“འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གནས་བབ”ཀྱི་གྲོས་ཆོད་འཆར་ཟིན་ལ་གྲོས་མོལ་བྱས་ནས་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བས། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཁོངས་གཏོགས་སྒྲིག་གཞིའི་གནས་བབ་རྒྱུན་འཁྱོངས་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་གི་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་གཙོ་བོ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་གཞིར་གྲོས་བསྡུར་དང་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགག་གནད་ལས་སྟེགས་ཀྱི་གྲས་ཤིག་ཡིན། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ད་ཡོད་གནས་བབ་དང་འགན་དབང་ལས་བགོས་བྱས་པ་དེས་ལས་ཀའི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་ཡོད་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་རིང་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་ཆབ་སྲིད་ཅན་དང་གོ་མཚོན་ཅན་དུ་འགྱུར་བའི་གནད་དོན་མངོན་གསལ་དོད་པོ་ཡོད་པར་བརྟེན་དེའི་ལས་དོན་གྱི་དྲང་གཞག་རང་བཞིན་དང་། ལུགས་མཐུན་རིང་བཞིན། གདམ་ག་མིན་པའི་རང་བཞིན་འགན་ལེན་བྱ་རྒྱུ་ནི་ཚོགས་ཞུགས་རྒྱལ་ཁབ་ལ་འཕྲད་པའི་སྔོན་ལ་སྒྲུབ་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད་ཅེས་བརྗོད།
སུན་ལེ་ཡིས། གནས་བབ་བསྐྱར་ཞིབ་བྱེད་པ་དེ་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་འབྲེལ་བ་ཡོད་ལ་རྒྱ་ཆེའི་ཚོགས་ཞུགས་རྒྱལ་ཁབ་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཡང་དེ་བས་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བསྐྱར་ཞིབ་བྱེད་པའི་ལས་རིམ་དེ་ཚོགས་ཞུགས་རྒྱལ་ཁབ་ཀྱིས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ད་ཡོད་གནས་བབ་ཀྱི་གནད་དོན་ལ་དམིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་སྒྱུར་བཅོས་གྲོས་འགོ་དང་། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ལས་ཕྱོད་འཕེལ་རིམ་སོགས་དང་ཉ་ཉུང་མཉམ་བསྲེས་མི་བྱེད་པའི་འདོད་ཚུལ་འཛིན་གྱི་ཡོད། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གནས་བབ་བསྐྱར་ཞིབ་བྱེད་པ་ནི་ཐོག་མའི་བསམ་འདུན་བསྐྱར་དྲན་དང་དུས་བསྟུན་མདུན་སྐྱོད་བྱེད་པའི་གོ་སྐབས་གལ་ཆེན་ཞིག་རེད་ཅེས་བརྗོད།
སུན་ལེ་ཡིས། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུར་མཐོང་ཆེན་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་ཐེངས་དྲུག་བདམས་པའི་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཞུགས་མཁན་དང་། གྲོས་འགོ་འདོན་མཁན། དར་སྤེལ་གཏོང་མཁན་བཅས་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཕྱོགས་ཁག་དང་མཉམ་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ། གཞུང་དྲང་དང་། ལུགས་མཐུན། བསྟུན་མཁས་བཅས་ཀྱི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་མ་ལག་ཐུན་མོང་ཐོག་བཏོད་ནས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་རང་འགན་གཙང་སྒྲུབ་སྔར་བས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།