སྡེ་ཚན་གཉིས་ཀྱིས་མཉམ་འབྲེལ་ཐོག་བསམ་འཆར་བཀྲམ་པ།
ནང་ཁུལ་ཆུ་བོའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་འཕྲལ་སྡོམ་དོ་དམ་པུས་མཉམ་འབྲེལ་ཐོག《ནང་ཁུལ་ཆུ་བོའི་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་ནས། ནང་ཁུལ་ཆུ་བོའི་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་ནང་ཁུལ་ཆུ་བོའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་བཏོན་ཡོད།
བསམ་འཆར་ནང་བཏོན་དོན། 2030ལོར་སླེབས་སྐབས་ནང་ཁུལ་ཆུ་བོའི་འགྲིམ་འགྲུལ་གྱི་རྩ་བའི་བདེ་འཇགས་ཆུ་ཚད་དང་། དོ་དམ་ཆུ་ཚད། འཕྲལ་སྡོམ་ནུས་པ་སོགས་ཆེ་རུ་ཤུགས་ཆེན་བཏང་ནས། བདེ་འཇགས་བློས་འགེལ་དང་། ལྟ་འདོམས་ནུས་ཆེ། འགན་ལེན་ནུས་ལྡན་བཅས་ཀྱི་ནང་ཁུལ་ཆུ་བོའི་འགྲིམ་འགྲུལ་བདེ་འཇགས་ལས་དོན་གྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནང་ཁུལ་ཆུ་བོའི་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལས་50%ཡན་ཆག་པ་བྱེད་དགོས།
བསམ་འཆར་གཞིར་བཟུང་། ཉེ་དུས་གྲུ་གཟིངས་ཀྱི་བདེ་འཇགས་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་དང་། ཆུ་ཐོག་སྐྱེལ་འདྲེན་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ལེགས་གཏོང་འདུ་འགོད། ལས་གཉེར་པའི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད། འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་བཅས་ཀྱི་ལས་དོན་བཀོད་སྒྲིག་བྱས་ནས་ནང་ཁུལ་ཆུ་བོའི་འགྲིམ་འགྲུལ་གྱི་རྩ་བའི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་ལྟ་སྐུལ་དོ་དམ་གྱི་ནུས་པ་ཆེར་གཏོང་བྱ་སྤྱོད་དང་། འགྲུལ་སྐྱེལ་བདེ་འཇགས་ཀྱི་མཉེན་ཤུགས་ཆེར་གཏོང་བྱ་སྤྱོད། ལྗང་མདོག་རིག་ནུས་ཀྱི་བདེ་འཇགས་འཕེལ་རྒྱས་བྱ་སྤྱོད། ཁེ་ལས་ཀྱི་བདེ་འཇགས་དོ་དམ་ཆེར་གཏོང་བྱ་སྤྱོད་སོགས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། དེའི་ནང་འགྲུལ་སྐྱེལ་གྲུ་གཟིངས་ལ་ཞིབ་བཤེར་མཆན་འགོད་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁེ་ལས་ཀྱི་འགན་འཁུར་བ་དུས་བཀག་ལྟར་གྲུའི་ནང་དུ་སྐྱོད་པ་དང་ལས་རེས་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན་ཁག་71ཚུད་ཡོད་པ་རེད།
འདི་ལོའི་ལོ་མཇུག་གོང་ས་ཁུལ་རིམ་པའི་གྲོང་ཁྱེར་རིམ་པར་ཆུ་ཐོག་འགྲུལ་སྐྱེལ་ལམ་ཐིག་གི་གནམ་གཤིས་ངན་པའི་སྔོན་བརྡ་གཏོང་བའི་ལམ་སྲོལ་ཕྱོགས་ཡོངས་ནས་འཛུགས་དགོས་པ་དང་། ཆུ་ཐོག་འགྲུལ་སྐྱེལ་ལམ་ཐིག་དང་གྲུ་ཁའི་བདེ་འཇགས་ཆ་རྐྱེན་ལ་ཁྱོན་ཡོངས་ནས་དཔྱད་དཔོག་བྱས་ཏེ་ཚད་གཞི་མ་ལོན་པ་ཚང་མ་སྒོ་རྒྱག་དགོས། ཕྱི་ལོའི་ལོ་མཇུག་གོང་ཆུ་དང་འབྲེལ་བ་ཡོད་པའི་གཙོ་གནད་རྫོང(གྲོང་ཁྱེར་དང་། ཆུས། ཆི)གི་ཆུ་ཐོག་འཕྲལ་སྡོམ་བཀའ་སྒུག་ས་ཚིགས་ནུས་ལྡན་ངང་ཁྱབ་པ་བྱ་རྒྱུ་རེད། ནང་ཁུལ་ཆུ་བོའི་གྲུ་ཁ་གཙོ་བོ་དང་གཙོ་གནད་འགྲུལ་སྐྱེལ་དུམ་མཚམས་ཀྱི་འཕྲལ་སྡོམ་སྟོབས་ཤུགས་ཡུལ་དངོས་སུ་འབྱོར་བའི་དུས་ཚོད་སྐར་མ་45ནང་ཚུན་དུ་གང་མགྱོགས་ཐུང་དུ་གཏོང་རྒྱུ་རེད།
ནང་ཁུལ་ཆུ་བོའི་འགྲིམ་འགྲུལ་ནི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། 2025ལོར་རང་རྒྱལ་གྱི་ནང་ཁུལ་ཆུ་བོའི་གྲུ་ཁའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་67ལས་བརྒལ་བ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་3.27ཟིན་ཡོད། ཉེ་བའི་ལོ་ཤས་རིང་། ནང་ཁུལ་ཆུ་བོའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།