དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རིག་ནུས་དྲོད་ཁང་སྐྲུན། དུས་བཞིར་སྔོ་ཚལ་འབེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-11

    རིག་ནུས་དྲོད་ཁང་དུ་སྲན་མྱུག་སྐྱེ་འཚར་ལེགས་པ།

    བོད་ལྗོངས་ཧུའུ་ཧྥུང་ཞིང་ལས་རིག་གནས་ཡུལ་སྐོར་མ་འཇོག་ཚོགས་པའི་ཞིང་ལས་ཐོན་སློབ་ཞིབ་གསུམ་ལྟེ་བའི་ཁུལ་ཡིན་པའི་སྟག་རྩེ་ཆུས་དེང་རབས་ཞིང་ལས་ཐོན་ལས་གླིང་གི་རིག་ནུས་དྲོད་ཁང་བདུན་པོ་མངོན་གསལ་ཧ་ཅང་དོད། དེའི་ནང་རིག་ནུས་ཀྱིས་དྲོད་ཚད་ཚོད་འཛིན་རན་པོ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འོད་སྤྲོད་པ། ཆུ་ལུད་ཚད་རན་པོ་རྒྱག་པ་སོགས་ཀྱི་སྒྲིག་བཀོད་འཁོར་སྐྱོད་ནུས་ལྡན་བྱས་པ་ལས། ཀོ་ཤ་དཀར་པོ་སྐྱེ་ཚུལ་ཡག་ལ་སྤུས་ཀ་དག་པ་མ་ཟད། སྲན་མར་ཡང་མྱུ་གུ་འབུས་ནས་སྐྱེ་འཚར་བཟང་པོ་ཡོད།

    གླིང་ཁུལ་དུ་གྲངས་འཛིན་ཚན་རྩལ་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོར་གསོ་སྐྱོང་གནད་སྨིན་བྱས་པས་ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་འཚར་མགྱོགས་སུ་ཤུགས་ཆེན་ཕྱིན་པ་མ་ཟད། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་དང་དཔལ་འབྱོར་ཕན་འབྲས་ཀྱང་ཆེ་རུ་བརྟན་པོ་ཕྱིན་ནས་རིག་ནུས་ཀྱི་ནུས་ཕྱོད་ཆེ་ཞིང་ཁྱད་ཆོས་མངོན་གསལ་དོད་པའི་ས་མཐོའི་དེང་རབས་ཞིང་ལས་ཀྱི་རྣམ་པ་ཞིག་མངོན་བཞིན་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་འཛུགས་ཀྱི་འགག་རྩའི་དུས་དང་ཏག་ཏག་འཁེལ་ཞིང་། སྟག་རྩེ་ཆུས་ཀྱིས་ས་མཐོའི་ཞིང་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་པོར་དམིགས་ཏེ་རིག་ནུས་དྲོད་ཁང་གི་རྣམ་གྲངས་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས། མཐོ་གྲང་ས་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ཀྱི་འཇུར་མིག་ནུས་ཤུགས་ཡོད་རྒུས་བསལ་བ་དང་། སྒྲིག་བཀོད་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ལྷ་ས་དང་ཐ་ན་ལྗོངས་ཡོངས་ཀྱི་ས་མཐོའི་དེང་རབས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་དཔེ་མཚོན་བཏོད་པ་དང་ལག་ལེན་གྱི་ཉམས་མྱོང་བསགས་ཡོད།

    སྟག་རྩེ་ཆུས་ཀྱི་ཆ་སྙོམས་ས་བབ་སྨི་3700ལས་བརྒལ་བས་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་ཞིང་། སད་སྐྱོན་མེད་པའི་དུས་ཡུན་ཐུང་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་བཅས་ཀྱིས་རྐྱེན་པས་དགུན་དུས་སྔོ་ཚལ་མཁོ་སྤྲོད་མི་འདང་བ་དང་། མང་ཚོགས་ཀྱི་འཚོ་བའི་མ་གནས་མཐོ་བ། ཞིང་ལས་ཐོན་སྐྱེད་ལ་མཁོ་སྤྲོད་འགན་ལེན་བྱེད་ནུས་ཞན་པ། ཉེན་ཁ་འགོག་ནུས་ཆུང་བ། ཐོན་ཁུངས་སྤྱོད་ཚད་དམའ་བ། ཐོན་ལས་ཀྱི་གྲུབ་ཆ་རྐྱང་པ་ཡིན་པ་སོགས་ཀྱི་གནད་དོན་ཐོན་ཡོད།

    འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད། སྟག་རྩེ་ཆུས་ཀྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཕེལ་རྒྱས་དམིགས་ཚད་གཏན་འཁེལ་བྱས་ནས་རིག་ནུས་འདེབས་འཛུགས་ཁང་གི་རྣམ་གྲངས་དེ་འགག་སྒྲོལ་ལས་འགན་གྱི་གྲས་སུ་བཅུག་པའི་ཐོག བྱ་ཐབས་སྣ་མང་སྤྱད་དེ་ས་མཐོའི་ཞིང་ལས་གནད་སྨིན་ཅན་དང་། རིག་ནུས་ཅན། ནུས་ཆེ་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད།

    རྣམ་གྲངས་དོན་འཁྱོལ་ཡོང་བ་དང་ཕན་འབྲས་ཐོན་པར་འགན་ལེན་བྱ་ཆེད། སྟག་རྩེ་ཆུས་ཀྱིས་རིག་ནུས་འདེབས་འཛུགས་ཁང་བསྐྲུན་རྒྱུ་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གཙོ་གནད་འཆར་འགོད་ནང་བཅུག་ནས་ས་ཆ་འགན་ལེན་དང་། ཆུ་གློག་ལེ་ལག་ཚང་བ། མ་དངུལ་གྱི་རྒྱབ་སྐྱོར་སོགས་ལ་གཏོང་ཆ་མུ་མཐུད་ཆེ་རུ་བཏང་ཡོད། སད་སྐྱོན་མེད་པའི་དུས་ཡུན་ཐུང་བ་དང་། དྲོད་ཚད་ཀྱི་ཧེ་བག་ཆེ་བ་སོགས་ས་མཐོའི་ཞིང་ལས་ཀྱི་དཀའ་ངལ་ལ་དམིགས་ནས་ས་གནས་ཀྱིས་ཁོར་ཡུག་ལ་རིག་ནུས་ཚོད་འཛིན་དང་། ཆུ་ལུད་ཚད་རན་པ། སྐྱེ་འཚར་ལ་དུས་ཐོག་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་རིག་ནུས་དྲོད་ཁང་ནང་འདྲེན་ཧུར་ཐག་བྱས་ཏེ། AIརིག་ནུས་སྙོམས་སྒྲིག་ཚོད་འཛིན་ལག་རྩལ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་འདེབས་འཛུགས་ཀྱི་ལྟེ་བའི་དཔྱད་གྲངས་ལེགས་སྒྲིག་གིས་ས་མཐོའི་ཤ་མོ་དང་ལྗང་མདོག་སྔོ་ཚལ་སྐྱེ་འཚར་མགྱོགས་པོ་ཡོང་བའི་ལྟེ་བའི་ལག་རྩལ་གྲུབ་འབྲས་ཐོབ་པའི་སྒོ་ནས་འགག་སྒྲོལ་བྱས་པས། མགྱོགས་ཤོས་ལ་གཟའ་འཁོར་གཅིག་ལས་མི་འགོར་བར་སྔོ་ཚལ་བསྡུ་ཐུབ་ཀྱི་ཡོད་པ་རེད། མིག་སྔར་སྟག་རྩེ་ཆུས་ཀྱི་རིག་ནུས་དྲོད་ཁང་ཁག་དང་པོ་བདུན་ལ་ཚོད་འདེབས་བྱེད་འགོ་ཚུགས་པའི་ནང་སྲན་མ་དང་། སྲན་མྱུག ཤ་མོ། ཀོ་ཤ་སོགས་ཞིང་ལས་ཐོན་རྫས་དང་སྨན་རྒྱུ་ཚུད་ཡོད་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་ལས་ཁུངས་ཚན་པ་དང་ཁེ་ལས་ཁག་གཅིག་ལ་མཁོ་སྤྲོད་འགན་ལེན་དང་ཐད་ཚོང་ཡང་བྱེད་ཀྱི་ཡོད།

    གྲངས་གཞི་ཆེ་མོ་དང་མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་གསར་ཤོས་ལ་བརྟེན་ནས་རིག་ནུས་དྲོད་ཁང་གི་བརྒྱུད་རིམ་ཧྲིལ་པོར་རང་འགུལ་ཅན་གྱི་དོ་དམ་ཚོད་འཛིན་ཐུབ་ནས་ལས་དོན་པ་གཅིག་གིས་རྒྱུན་གཏན་གྱི་བཀོལ་སྤྱོད་གཡོག་བྱེད་ཐུབ་ཀྱི་ཡོད། དེ་དང་ཆབས་ཅིག་རིག་ནུས་དྲོད་ཁང་གིས་ལོ་ཧྲིལ་པོར་སྐྱེ་འཚར་ཡོང་བར་བྱས་ཏེ། ཉིན་10ཡི་རིང་དྲོད་ཁང་གཅིག་ནས་ཐོན་འབབ་རིམ་པ་དང་པོའི་ཤ་མོ་ཕིང་ཀུའུ་རྒྱ་མ་2000དང་སྲན་མྱུག་རྒྱ་མ་450ཡན་བྱུང་ནས་སྲོལ་རྒྱུན་གྱི་འདེབས་འཛུགས་ལས་ལྡབ་ཁ་ཤས་ཀྱིས་མཐོ་བ་ཡོད་པ་དེས་ས་མཐོའི་ཞིང་ལས་ཀྱི“དུས་ཚིགས་གཅིག་ལ་བྲེལ། ལོ་འཁོར་ཧྲིལ་པོར་དལ་བའི”སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    2026ལོར། སྟག་རྩེ་ཆུས་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་གྱིས་རིག་ནུས་དྲོད་ཁང་20བར་རྒྱ་བསྐྱེད་བྱས་པ་དང་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་སྦྲགས། རིགས་དབྱེའི་ཐུམ་སྒྲིལ་དང་གྲང་ཕྲེང་མཛོད་འཇུག་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་བ་སྒྲིག་སྦྱོར་བྱས་ནས་རིག་ནུས་འདེབས་འཛུགས་དང་གཉེར་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།