དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་རྒྱ་མཚོ་བཅོས་སྐྱོང་འཐུས་ཚང་ཡོང་བའི་ཐད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ད་ལོ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྐོར་གྱི་སྤྱི་ཆིངས》ཀྲུང་གོར་ཕན་ནུས་ཐོན་ནས་ལོ་ངོ་30འཁོར་བ་རེད། ཚེས་7ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་སྐྱོན་སྐབས། ལོ་30ཡི་རིང་ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ་མཚོ་ཐོག་གི་ཞི་བདེ་དང་བདེ་འཇགས་ཐུན་མོང་ཐོག་སྲུང་བ་དང་། རྒྱ་མཚོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱ་མཚོའི་ཚན་ཞིབ་དང་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱ་མཚོ་དང་འབྲེལ་བའི་ལས་དོན་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་རྒྱ་མཚོ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་མིའི་རིགས་ཀྱི་ཐུན་མོང་གི་བདེ་རྩ་ཆེ་རུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བརྗོད།

    མའོ་ཉིང་གིས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྐོར་གྱི་སྤྱི་ཆིངས》ནི་1973ལོ་ནས་1982ལོའི་བར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཚོགས་འདུ་ཐེངས་གསུམ་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། སྤྱི་ཆིངས་དེས་རྒྱལ་སྤྱིའི་ཆིངས་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞན་དག་དང་མཉམ་དུ་དེང་རབས་རྒྱལ་སྤྱིའི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་གཞི་རྩའི་བཅའ་ཁྲིམས་སྒྲོམ་གཞི་ཐུན་མོང་ཐོག་བཏོད་ཡོད། སྤྱི་ཆིངས་ནུས་པ་ཐོན་པ་དང་ལག་ལེན་བསྟར་བ་དེས་དྲང་གཞག་དྲང་བདེན་གྱི་རྒྱལ་སྤྱིའི་རྒྱ་མཚོའི་སྒྲིག་ལམ་སྲུང་རྒྱུར་ཕན་ཐོགས་ཡོད་ལ། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུཌ་པར་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བརྗོད།

    མའོ་ཉིང་གིས་སྤྱི་ཆིངས་ཀྱི་གྲོས་མོལ་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོའི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་རྗེས་ཞུགས་པའི་རྒྱལ་སྤྱིའི་ཁྲིམས་འཛུགས་ཀྱི་འཕེལ་རིམ་གལ་ཆེན་དང་པོ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཚོགས་འདུ་ཐེངས་གསུམ་པའི་བརྒྱུད་རིམ་ཧྲིལ་པོར་ཀྲུང་གོ་ཞུགས་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་སྤྱི་ཆིངས་འདོན་རྒྱུར་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་ནི་སྤྱི་ཆིངས་ཐོག་མིང་རྟགས་འགོད་མཁན་རྒྱལ་ཁབ་ཁག་དང་པོའི་གྲས་ཡིན་པ་མ་ཟད། 1996ལོའི་ཟླ་7ཚེས་7ཉིན་ཆིངས་འཇོག་རྒྱལ་ཁབ་ཏུ་གྱུར་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།