དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྫ་ཆུའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ལ་དགའ་འོས་པའི་འབྲས་བཟང་སྨིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཙེ་ཤིང་།   |     སྤེལ་དུས།  2026-07-10

    དབྱར་དུས་སུ་རྫ་ཆུའི་ཆུ་འགོར་དྭངས་ཤིང་གཙང་བའི་ཆུ་བོ་ལང་ལོང་དུ་རྒྱུག་པ་དང་ཆུ་ངོས་སུ་རྒྱང་རིང་གི་གངས་དཀར་རི་བོའི་གྲིབ་གཟུགས་གསལ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་འཆི་མེད་ལྷ་རྒྱལ་རྒྱུན་གཏན་ལྟར་ཆུ་ལམ་རྒྱུད་དུ་སྐོར་གཡེང་བྱེད་བཞིན་ཡོད་པ་དང་། ཁོང་གིས་ཆུ་ལམ་དེའི་རྒྱུད་དུ་ད་བར་ལོ་7ཙམ་བསྐྱོད་ཡོད།

    རྫ་ཆུ་ནི་རྫ་སྟོད་རྫོང་ནས་འབབ་ཅིང་། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་གནས་དང་པོ་དེར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་། རྫ་ཆུའི་ཆུ་འགོ་ཧྲིལ་པོ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་ཆུ་འགོའི་ཁུལ་ཁོངས་སུ་བཅུག་ནས་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོང་བྱས་ཡོད། གླིང་ཁུལ་ནང་གི་འབྲོག་པའི་ཁྱིམ་ཚང་ཚང་མར་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བའི་ལས་གནས་རེ་ཡོད་པ་དང་། ཆུ་འགོར་སྐོར་གཡེང་དང་། གད་སྙིགས་སྒྲུག་པ། སྲིད་ཇུས་སྒྲོག་འགྲེལ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་འགན་འཁུར་གྱི་ཡོད་པ་དང་དུད་ཚང་རེར་ལོར་ཆ་སྙོམས་འབབ་འཕར་སྒོར་21600ཡོང་གི་ཡོད།

    ད་ལོ་ལོ་27ལ་སླེབས་པའི་འཆི་མེད་ལྷ་རྒྱལ་ཆུང་དུས་ནས་གཙང་པོའི་རྒྱུད་དུ་འཚར་བས་ཆུ་འགོའི་གལ་ཆེའི་རང་བཞིན་གསལ་པོ་རྟོགས་ཤིང་། ཁོང་གིས“གལ་ཏེ་ཆུ་འགོ་སྲུང་སྐྱོང་ཡག་པོ་མ་བྱས་ཚེ་ཆུ་ནང་གི་སྲོག་ཆགས་ལ་གནོད་འཚེ་ཕོག་པ་སྨོས་ཅི། ཆུ་སྨད་ཀྱི་མི་རྣམས་ལའང་གནོད་འཚེ་ཕོག་སྲིད་ཅེས་ཨ་མ་ལགས་ཀྱིས་རྒྱུན་དུ་བརྗོད་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད་བྱུང་། 2019ལོར་ཁོང་གིས་ནང་མིའི་ས་ནས་ལས་འགན་དང་དུ་བླངས་ཏེ་རྫ་ཆུའི་ཆུ་འགོ་ཁུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་ཞིག་ཏུ་གྱུར།

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་ཁུལ་དོ་དམ་ཨུ་ལྷན་ཐོན་ཁུངས་ཁོར་ཡུག་ཁྲིམས་སྒྱུར་ཅུས་ཀྱི་ཅུས་ཀྲང་མུའུ་ཡུང་ཧུང་གིས། གླིང་ཁུལ་དུ་འཆི་མེད་ལྷ་རྒྱལ་དང་འདྲ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་8000ལྷག་ཙམ་ཡོད་པ་དང་། རྫོང་ཡོངས་སུ་དོ་དམ་སྲུང་སྐྱོང་ས་ཚིགས་5དང་། དོ་དམ་སྲུང་སྐྱོང་རུ་ཆེན་19 དོ་དམ་སྲུང་སྐྱོང་རུ་ཆུང་64བཅས་བཙུགས་ནས་གླིང་ཁུལ་གྱི་རྩྭ་ཐང་དང་ཆུ་བོ་སྲུང་སྐྱོང་བྱེད་ཀྱི་ཡོད། ད་ཆ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བས་སྐོར་གཡེང་བྱེད་སྐབས་གནད་དོན་ཤེས་རྟོགས་བྱུང་ཚེ་ལག་ཐོགས་ཁ་པར་གྱི་APPབརྒྱུད་དུས་ཐོག་ཏུ་གོང་རིམ་ལ་བརྒྱུད་བསྐུར་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    2016ལོ་ནས་བཟུང་། རྫ་ཆུའི་ཆུ་འགོ་ཁུལ་དུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ས་ནག་གྲམ་ཐང་བཅོས་སྐྱོང་དང་། ས་ནག་ལ་ཉག་བཅོས་སྐྱོང་། རྩྭ་ཐང་ལེགས་བཅོས་བཅས་བྱས་པར་བརྟེན་ཆུའི་སྐྱེ་ཁམས་ལ་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་བྱུང་ཡོད། 2023ལོར་ཚན་ཞིབ་མི་པར་རྫ་ཆུའི་སྟོད་རྒྱུད་ནས་མཚོ་བོད་ས་མཐོ་ཁོ་ནར་ཡོད་པའི་རྩ་ཆེའི་ཉ་མཇུག་ཕྲ་རྙེད་ཅིང་། ཉ་མཇུག་ཕྲ་ས་ཁུལ་དེ་གར་མེད་པར་གྱུར་ནས་ལོ་40ལྷག་ཙམ་སོང་རྗེས་སླར་ཡང་ཐོན་པ་དེས་འཆི་མེད་ལྷ་རྒྱལ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་ཚོའི་ངོས་ནས་བརྗོད་ན་སྤོབས་པ་སྐྱེ་འོས་པའི་བྱ་བ་ཞིག་རེད།

    གལ་ཏེ་འབྲོག་པ་ནི་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་གྱི“ཁྲག་རྩ་ཕྲ་མོ”ལྟ་བུ་ཞིག་ཡིན་ན། ཚན་རྩལ་ལྟ་ཞིབ་ཚད་ལེན་ནི་གཙང་པོའི་ཆུ་འགོ་འཚོལ་ཞིབ་བྱེད་མཁན“འཇིག་རྟེན་མིག”ལྟ་བུ་རེད། ཡུལ་ཤུལ་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་གཞུང་ལས་ཁུལ་གྱི་བརྙན་ཤེལ་ཆེན་པོ་ནས“གཙང་གསུམ་ཆུ་འགོའི་སྐར་ཁུང”གི་དྲ་རྒྱའི་བརྙན་ལམ་ལྟ་དཔྱད་ཚད་འཇལ་མ་ལག་བརྒྱུད་གཙང་གསུམ་ཆུ་འགོའི་བརྙན་བརྒྱུད་གཏོང་བྱེད་ཅིང་། དགུང་སྔོན་འོག་ཏུ་བྲག་རིར་གནའ་བ་འཛེག་པ་དང་། ཁྲུང་ཁྲུང་སྐེ་ནག་འདམ་རར་ཅི་དགར་རོལ་བ། རི་ལྡེབས་སུ་གསའ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་བཅས་ལས་ས་གཞི་ཆེ་མོར་སེམས་ལྡན་གྱི་རྣམ་ཤེས་བསྣན།

    ཡུལ་ཤུལ་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསམ་གྲུབ་ཀྱིས། ལོ་6ལྷག་ཙམ་གྱི་གོང་དུ་གནའ་བ་པར་རྒྱག་དགོས་ན་པར་ཆས་ཁྱེར་ནས་གང་སར་སྐྱོད་དགོས་ཀྱི་ཡོད། ད་ཆ་འཚོ་སྡོད་བྱ་ཡུལ་དུ་གནའ་བ་ཁྱུ་དང་ཁྱུ་ཡོད་པས་པར་རྒྱག་ཆོག་ཆོག་རེད། ལོ་དེ་དག་རིང་རྫ་ཆུའི་ཆུ་འགོའི་འདམ་རའི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པར་བརྟེན་ཁྲུང་ཁྲུང་སྐེ་ནག་ཀྱང་པར་ཐེངས་དང་པོ་བརྒྱབ་ཐུབ་བྱུང་ཞེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར“གཙང་གསུམ་ཆུ་འགོའི་སྐར་ཁུང”ཡུལ་ཤུལ་ཀྲོའུ་ཡི་ལྟ་དཔྱད་ཚད་འཇལ་བྱ་ཡུལ་67ལ་ཁྱབ་ཅིང་། དེའི་ནང་ནས་རྫ་ཆུ་རྒྱུག་ཁུལ་དུ་ས་ཚིགས་9བཙུགས་པས“རྒྱང་རིང་དང་། ཁྱབ་རྒྱ་ཆེ་བ། ཕྱོགས་ཡོངས”བཅས་ཀྱིས་བརྙན་ལམ་ལྟ་དཔྱད་ཚད་འཇལ་ཐུབ་པ་དང་། ཁྲིམས་འགལ་གྱིས་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་འཕྲལ་དུ་ཁོངས་གཏོགས་ཁུལ་དུ་མཉམ་འགུལ་ཐག་གཅོད་བྱེད་པས་ཁྲིམས་སྒྱུར་བ་ཐད་ཀར་སྐྱོད་མི་དགོས་པར་སྤྲིན་ཚོམ་ནས་ལྟ་སྐུལ་དོ་དམ་ཐུབ་ཀྱི་ཡོད།

    ས་ངོས་ནས་སྤྲིན་ཚོམ་བར་དང་། བཅོས་སྐྱོང་ནས་དོ་དམ་སྲུང་སྐྱོང་བར། རྫ་ཆུའི་ཆུ་འགོའི་སྐྱེ་ཁམས་འགྱུར་ལྡོག་དེ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་དང་གཙང་ཆུ་སྲུང་མཁན་འབྲོག་པ་ཚོའི་ཐུན་མོང་འབད་བརྩོན་ལས་བྱུང་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།