དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འབྲི་གཡག་ཐོན་ལས་སྟོབས་ཆེར་བཏང་། དམངས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-10

    ཟླ་དྲུག་པར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་དུ་ཉི་འོད་རབ་ཏུ་འཚེར་ཞིང་། འབྲི་གཡག་གསོ་ཚགས་རྟེན་གཞིར་ཟླ་བ་ཚེ་རིང་གིས་འབྲི་གཡག་ལ་གཟན་རྩྭ་སྟེར་བཞིན་འདུག ཁོང་གིས“འབྲི་གཡག་འདི་དག་ནི་ང་ཚོའི་ཤང་གི་གཅེས་ནོར་རེད། གསོ་ཚགས་ཡག་པོ་བྱས་ཚེ་ཚང་མའི་ཡོང་འབབ་མང་དུ་འགྲོ་ཐུབ”ཅེས་བཤད།

    སྤུས་ལེགས་འབྲི་གཡག་230དང་ཚད་ལྡན་ཅན་གྱི་རྩྭ་འདེབས་རྟེན་གཞིར་མུའུ་200ཡོད་པ་སོགས། སོ་དྲུག་ཤང་གིས་འབྲི་གཡག་གྲོང་རྡལ་སྟོབས་ཆེན་གྱི་རྣམ་གྲངས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། “རྩྭ་འདེབས་པ་དང་། འབྲི་གཡག་གསོ་བ། རྒྱགས་གསོ། ཕྱིར་ཚོང”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་གདུབ་ཟུམ་རྣམ་པ་བཏོད་པ་རེད།

    “རྩྭ་འདེབས་རྟེན་གཞིས་སྤུས་ལེགས་གཟན་རྩྭ་གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱས་ཏེ། གཟན་རྩྭ་རང་མཁོ་རང་འདོན་དང་མཁོ་འདོན་བརྟན་པོ་ཡོང་བར་བྱས་ཡོད”འབྲི་གཡག་གྲོང་རྡལ་སྟོབས་ཆེན་གྱི་རྣམ་གྲངས་ལག་ལེན་བསྟར་བའི་བོད་ལྗོངས་སོ་དྲུག་ཞིང་འབྲོག་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བྱེད་ཐབས་དེས་སྲོལ་རྒྱུན་གྱི་ཕྱུགས་རིགས་འཚོ་སྟངས་ལ་དུས་ཚིགས་དང་རྩྭ་རའི་ཚོད་འཛིན་ཕོག་པའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་གཟན་རྩྭ་ཉོ་བའི་མ་གནས་ཀྱང་དམའ་རུ་ཕྱིན་ཞིང་། འབྲི་གཡག་གསོ་ཚགས་ལས་བྱུང་བའི་སྐྱེ་ལྡན་ལུད་གཟན་རྩྭ་འདེབས་སྐབས་སྤྱོད་ཆོག་པས“གཟན་རྩྭ་སྐྱེ་འཚར་ཡག་ལ་འབྲི་གཡག་ཤ་ཤེད་རྒྱས་པ་དང་སྐྱེ་ཁམས་འཁོར་རྒྱུག་བཟང་བའི”རྣམ་པ་བཟང་པོ་ཞིག་རགས་ཙམ་ཆགས་ཡོད།

    “ང་ཚོས་ཚན་རིག་དང་མཐུན་པའི་གསོ་ཚགས་དང་དུས་ཐུང་རྒྱགས་གསོ་བྱས་པ་བརྒྱུད་འབྲི་གཡག་རེ་བཙོངས་པར་ཁེ་སྤོགས་སྒོར་2000ཟིན་གྱི་ཡོད”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཉི་མས་བཤད། ཁོང་གིས་འབྲི་གཡག་230རྒྱགས་གསོ་བྱས་ནས་བཤས་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ་རྟེན་གཞིའི་ཚོང་གཉེར་ཡོང་འབབ་དང་གྲོང་ཚོ་མཉམ་སྡེབ་ཀྱི་ཡོང་འབབ་གཉིས་ཀ་ཐད་ཀར་འཕར་ཡོད་ཅེས་ངོ་སྤྲོད་བྱས།

    ཟླ་བ་ཚེ་རིང་གིས“ང་རང་རྟེན་གཞིའི་གསོ་ཚགས་པ་ཡིན། ཟླ་རེར་གླ་ཆ་སྒོར་3500ཡོད་པ་མ་ཟད། ད་དུང་ཁྱིམ་གྱི་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་ཀྱང་བྱེད་ཐུབ་ཀྱི་འདུག རྣམ་གྲངས་དེས་ས་གནས་རང་ལ་གསོ་ཚགས་པ་དང་ལག་རྩལ་པ་སོགས་ཀྱི་གཏན་འཇགས་ལས་གནས་མཁོ་འདོན་བྱས་ཏེ། དབུལ་སྒྲོལ་མང་ཚོགས་ཐག་ཉེ་སར་སྔོན་ལ་ལས་ཞུགས་ཐུབ་པར་བྱས་པ་དང་། མི་རེའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་3500ཡན་ཟིན་ནས་ཁྱིམ་གྱི་སྒོ་རྩར་འབབ་འཕར་བརྟན་པོ་བྱུང་ཡོད། དེ་ཙམ་མ་ཟད། རྣམ་གྲངས་ཀྱི་ཁེ་སྤོགས་ད་དུང་ཀུང་སིའི་སྤྱི་ཡོངས་ཀྱི་ཁེ་སྤོགས་བགོ་བཤའི་མ་ལག་ནང་བཅུག་ནས། ལོ་ལྟར་ཤང་ཡོངས་ཀྱི་གྲོང་ཚོ་4དང་ཙུའུ་12ལ་མཉམ་སྡེབ་བགོ་འགྲེམས་རྒྱག་གི་ཡོད”ཅེས་བཤད།

    ཚགས་ཤ་སོས་པ་ཉར་ཚགས་བྱེད་དཀའ་བ་དང་ཕྱིར་ཚོང་ཐབས་ལམ་ལ་ཚད་བཀག་ཡོད་པར་དམིགས་ནས། རྣམ་གྲངས་དེས་ན་ནིང་འབྲི་གཡག་གི་ལྕགས་ཀྲིན་ཚགས་ཤ་ལས་སྣོན་ཐོན་རྫས་གསར་དུ་བཏོན་པས་ཐོན་ལས་འཁོར་འབྲེལ་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ཡོད། “ང་ཚོས་འབྲི་གཡག་གི་ཞོར་ཐོན་དངོས་ཟོག་ཕྱོགས་བསྡུས་བེད་སྤྱོད་ཐུབ་པ་དང་། འབྲི་གཡག་གི་ཐོན་ཁུངས་ཟ་ཆོག་ཆོག་གི་བཟའ་བཅར་བསྒྱུར་ཏེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད”ཅེས་སོ་དྲུག་ཤང་གི་ཤང་ཀྲང་གཞོན་པ་ཟླ་བ་དབྱངས་ཅན་གྱིས་ངོ་སྤྲོད་བྱས།

    གླེང་རིན་ཡོད་པ་ཞིག་ལ། རྣམ་གྲངས་ཀྱིས་ད་དུང་ཡོང་འབབ་ཁྲོད་ནས་ལོ་ལྟར་ཆེད་སྤྱོད་གྲོན་དངུལ་བཏོན་ཏེ་ཆུ་ཡུར་ཉམས་བཟོ་དང་གཞུང་ལམ་ལེགས་གཏོང་སོགས་དམངས་འཚོའི་ལས་གྲྭར་སྤྱད་དེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།