རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་དང་། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་པེ་ཅིང་དུ་འཚོགས་པ།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འགག་རྩའི་འགག་སྒྲོལ་དུས་མཚམས་རེད། ངེས་པར་དུ་ལོ་རྒྱུས་ཀྱི་གོ་ སྐབས་ལ་དམ་འཛིན་དང་། དུས་རབས་ཀྱི་འགྲན་སློང་བསུ་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གང་མགྱོགས་གཏོང་བ་བཅས་བྱས་ཏེ། 2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མངོན་འགྱུར་གྱི་ དམིགས་ཚད་ཕྱོགས་སུ་བློ་རྩ་བརྟན་པོས་མདུན་སྐྱོད་དང་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་སྣེ་ཁྲིད་ཏན་ཏན་ཏིག་ཏིག་བྱེད་དགོས།
ལི་ཆང་གིས་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཕེབས་པ། ཏིང་ཤུའེ་ཞང་གིས་བྱ་དགའ་སྤྲོད་པའི་གཏན་འབེབས་སྒྲོག་སྦྱངས་གནང་བ།

ཟླ་7ཚེས་8ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ཟླ་7ཚེས་8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་2025ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་ཀྲུང་གོ་ཚན་རིག་ཁང་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཁྲེན་ལི་ཆོན(གཡས) དང་ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པའི་ཞིབ་འཇུག་སུའོ་བཅུ་བཞི་པའི་ཡོན་ཧྲི་པན་ཏེ(གཡོན)ལ་བྱ་དགའ་གནང་བ།

ཟླ་7ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་དང་། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་པེ་ཅིང་དུ་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཚོགས་ཆེན་ལ་ཞུགས་པ།
ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ཏེ། རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འགག་རྩའི་འགག་སྒྲོལ་དུས་མཚམས་རེད། ངེས་པར་དུ་ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན་དང་། དུས་རབས་ཀྱི་འགྲན་སློང་བསུ་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གང་མགྱོགས་གཏོང་བ་བཅས་བྱས་ཏེ། 2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མངོན་འགྱུར་གྱི་དམིགས་ཚད་ཕྱོགས་སུ་བློ་རྩ་བརྟན་པོས་མདུན་སྐྱོད་དང་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་སྣེ་ཁྲིད་ཏན་ཏན་ཏིག་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་ཆེན་ལ་ཕེབས་པ། ཏིང་ཤུའེ་ཞང་གིས་བྱ་དགའ་སྤྲོད་པའི་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད།
སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ལ། ཚོགས་ཆེན་འགོ་ཚུགས་པ་དང་ཚོགས་རའི་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཏིང་ཤུའེ་ཞང་གིས《2025ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།
མཛད་སྒོ་འགོ་ཚུགས་པའི་དུང་བརྡ་བསྒྲགས་མ་ཐག་ཞི་ཅིན་ཕིང་གིས་དང་ཐོག་2025ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་ཀྲུང་གོ་ཚན་རིག་ཁང་དངོས་ཁམས་ཞིབ་འཇུག་ཁང་གི་ཡོན་ཧྲི་ཁྲེན་ལི་ཆོན་དང་ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པའི་ཞིབ་འཇུག་ཁང་བཅུ་བཞི་པའི་ཡོན་ཧྲི་པེན་ཏེ་ལ་གཟེངས་རྟགས་དང་ལག་ཁྱེར་གནང་ནས་སྤྲོ་སེམས་འཁོལ་པོས་ཁོང་ཚོར་ཕྱག་བཏང་གནང་སྟེ་རྟེན་འབྲེལ་ཞུས་པ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བྱ་དགའ་མཐོ་ཤོས་ཐོབ་མཁན་ཡོན་ཧྲི་གཉིས་དང་ལྷན་དུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་མཁན་འཐུས་མིར་ལག་ཁྱེར་གནང་བ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་གཞི་བརྒྱུད་རིམ་ལྡན་པའི་སྒོ་ནས་འགོད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་པས། ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་ཐུབ་ཡོད། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་ཚན་རྩལ་ནང་ཞུགས་མཁན་དང་ལེགས་སྐྱེས་འབུལ་མཁན་ནས་གསར་འབྱེད་མཁན་དང་སྣེ་ཁྲིད་མཁན་ལ་གང་མགྱོགས་གྱུར་ནས། གསར་གཏོད་ནུས་པ་ཆེ་རུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་སུ་འགྱུར་བཞིན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དང་འཛམ་གླིང་འཕེལ་རྒྱས་ཀྱི་བཀོད་པར་འགྱུར་ལྡོག་ཟབ་མོ་འགྲོ་བཞིན་ཡོད། དེས་ན་ང་ཚོས་དུས་བབ་གསར་པ་དང་བླང་བྱ་གསར་པར་བསྟུན་པ་དང་བྱེད་ཐབས་དེ་བས་ནུས་ལྡན་སྤྱད་དེ། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་གཏོང་རིང་གནས་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་ཚན་རྩལ་བྱ་གཞག་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་གསར་གཏོད་ཀྱི་མ་ལག་ཅན་གྱི་འགག་སྒྲོལ་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་དགོས་པ་དང་། “ཁ་ཕྱོགས་པ་བཞིའི”འཐབ་ཇུས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་ཚན་རྩལ་འཐབ་ཇུས་ཀྱི་འཆར་འགོད་དང་། སྲིད་ཇུས་བྱེད་ཐབས། ལས་འགན་གལ་ཆེན། ཚན་ཞིབ་སྟོབས་ཤུགས། ཐོན་ཁུངས་ལས་སྟེགས། ས་ཁོངས་གསར་གཏོད་སོགས་ཐད་ཀྱི་སྤྱི་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་གཙོ་གནད་ཚན་རྩལ་གསར་གཏོད་ལས་འགན་བཀོད་སྒྲིག་དང་སྒྲིག་འཛུགས་ལག་བསྟར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་རྨང་གཞིའི་ཆ་རྐྱེན་རང་བརྟེན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་བྱེད་ནུས་ཀྱི་ངེས་གནས་དང་བཀོད་པ་ལེགས་སུ་བཏང་ནས་ལས་འགན་མཉམ་སྒྲུབ་དང་། ཐོན་ཁུངས་མཉམ་སྤྱོད། ལེགས་ཆ་གསབ་རེས་བཅས་ལ་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་ཚན་རྩལ་ལས་དོན་ལ་སྤྱི་འདོམས་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་དང་ས་གནས་ཀྱིས་མཐུན་སྦྱོར་དང་ས་ཁོངས་ཀྱིས་མཉམ་འགུལ་བྱེད་པའི་ལམ་ལུགས་བཀོད་སྒྲིག་ཆགས་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ཚན་རྩལ་འདི་ཉིད་གང་མགྱོགས་ཐོན་སྐྱེད་ནུས་ཤུགས་ལ་དངོས་སུ་འགྱུར་བའི་བགྲོད་ལམ་གཏོད་དགོས། ཚན་རྩལ་གསར་གཏོད་བྱེད་པར་བཀོལ་སྤྱོད་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་ཐོན་ལས་གསར་གཏོད་བྱེད་པར་ཚན་རིག་དང་མཐུན་པའི་གནད་དོན་འདོན་དགོས། རྒྱལ་ཁབ་ཀྱི་ལག་རྩལ་སྤོ་སྒྱུར་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྣ་མང་ཅན་གྱི་བཀོལ་སྤྱོད་ཡུལ་རྣམ་དང་ཆུ་ཚད་མཐོ་བའི་ཐོན་ལས་ཚོ་འདུས་སྐྲུན་པ། རང་བརྟེན་ཞིབ་སྤེལ་གྱི་ལག་རྩལ་དང་ཐོན་རྫས་ཁྱབ་གདལ་བེད་སྤྱོད་དང་རིམ་འཇུག་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཤེས་རིག་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རྩལ་གསར་གཏོད་དང་འཚམ་པའི་ཚན་རྩལ་དངུལ་རྩའི་སྒྲིག་སྲོལ་འཛུགས་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཚན་རིག་གི་འབྱུང་འགྱུར་གཞོན་ནུར་རག་ལས་ཡོད། དེས་ན་ཚན་སློབ་མཐུན་སྦྱོར་གྱི་མི་སྐྱོང་ལམ་སྲོལ་ལེགས་སུ་བཏང་ནས་ཕུལ་བྱུང་ན་གཞོན་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས། ཚན་ཞིབ་མི་སྣར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཏེ་ཁོང་ཚོ་བློ་སེམས་གཅིག་སྒྲིལ་ངང་ཞིབ་འཇུག་དང་བློ་བདེ་བག་ཕེབས་ངང་ལས་ཀ་བྱ་རྒྱུ་ཡོང་བར་བྱེད་དགོས། གཞོན་ནུ་ལོ་ཆུང་གི་དགའ་མོས་ཁྱད་ཆོས་དང་། ཚན་རིག་གི་བྱང་ཚད། ཚོད་ལྟའི་ནུས་པ་བཅས་སྔོག་འདོན་དང་གསོ་སྐྱོང་ཐད་སྣང་ཆེན་བྱས་ཏེ་ཚན་ཞིབ་ཐད་མི་མངོན་པའི་ནུས་པ་ལྡན་པའི་གཞོན་ནུ་ལོ་ཆུང་དེ་བས་མང་པོ་ཚན་རྩལ་བྱ་གཞག་ནང་ཞུགས་པའི་ཡིད་དབང་འགུག་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་གསར་གཏོད་ཐད་ཀྱི་གཏོང་ཆའི་ནུས་ཕྱོད་ཆེ་རུ་བཏང་ནས་གཏོང་ཆའི་གཞི་ཁྱོན་ཆེ་རུ་དང་ནུས་ཕྱོད་ཆེ་རུ་གཏོང་རྒྱུ་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་གྲོན་དངུལ་བགོ་བཤའ་དང་དོ་དམ་བེད་སྤྱོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙོ་གནད་ཚན་རྩལ་ལས་འགན་ཐད་ཀྲུང་དབྱང་དང་ས་གནས་ཀྱི་གཏོང་ཆ་མཉམ་འཁུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རྩལ་འཆར་གཞིའི་དོ་དམ་ལེགས་སུ་གཏོང་བ་དང་ཚན་རྩལ་རྣམ་གྲངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ལས་རྗེས་ཚོད་སྐོར་ལ་ཤུགས་སྣོན་རྒྱག་དགོས། ཁེ་ལས་ལ་ཁྲིད་སྟོན་བྱས་ཏེ་ཞིབ་སྤེལ་ལ་གཏོང་ཆ་མང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་པོ་སྐུལ་སློང་བྱས་ནས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་གདེང་འཇོག་བྱེད་ལམ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཚན་རྩལ་གདེང་འཇོག་གི་བཀོད་འདོམས་དབྱུག་པ་བེད་སྤྱོད་ཡག་པོ་བྱེད་དགོས། རྣམ་གྲངས་ལ་དཔྱད་ཞིབ་དང་། སྒྲིག་གཞིར་ཚོད་སྐོར། ཤེས་ལྡན་པར་གདེང་འཇོག་བཅས་བྱེད་པར་གསར་གཏོད་ནུས་པ་དང་། སྤུས་ཚད། ཕན་འབྲས། ལེགས་སྐྱེས་ཀྱི་སྟོན་ཕྱོགས་བཅས་ལ་ཤུགས་སྣོན་རྒྱག་དགོས། “ཁོ་ནར་ལྟ་བ་བཞི”མགྱོགས་མྱུར་མེད་པ་བཟོས་ནས་ཚན་སློབ་ལས་རིགས་ཀྱི“ཞྭ་མོ”མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཚན་ཞིབ་ཀྱི་ཡིད་རྟོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྲོལ་བཟང་སྤྱོད་བཟང་གི་ཚན་ཞིབ་ཁོར་ཡུག་ཅིག་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་གྱི་མི་ཆོས་དང་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་དེ་ཉིད་དགེ་བརྩོན་ཡར་ཐོན་དང་། བདེ་འཇགས་དང་ཚོད་འཛིན་ཐུབ་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། སྲིད་ཇུས་ལམ་ལུགས་དང་། བཅའ་ཁྲིམས་ཁྲིམས་སྲོལ། བཅོས་སྐྱོང་ཚད་ལྡན་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་མང་ཞུགས་པ་དང་མཉམ་ལས་མཉམ་བཅོས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་མི་ཆོས་ཚད་གཞི་དང་ཁྲིད་སྟོན་ཁ་གསལ་བཟོས་ཏེ་ཚན་རྩལ་བདེ་འཇགས་ཀྱི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ། འཕྲལ་སྒྲུབ་དང་ལེན་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་ནས་ཀྲུང་གོའི་འདོད་ཚུལ་དང་ཀྲུང་གོའི་ཇུས་གཞི་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། དངོས་འཛིན་དངོས་སྒྲུབ་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོན་པ་བྱེད་དགོས་པ་དང་། ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་རིགས་དང་མཐུན་སྒྲིལ་བྱས་ཏེ་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ནས་བློ་གཤོག་ཡངས་པོས་འཛམ་གླིང་ཚན་རིག་གི་ཡང་རྩེར་འཛེག་དགོས། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་འཚོལ་ཞིབ་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སེམས་ནུས་ཡོད་རྒུས་ཚན་རྩལ་ལས་དོན་པར་ཞབས་འདེགས་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞབས་འདེགས། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བར་ཞབས་འདེགས། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པར་ཞབས་འདེགས་བཅས་ཞུ་དགོས།
ཞི་ཅིན་ཕིང་གིས་སླད་ཕྱིན་ཁང་གཉིས་ཀྱི་ཡོན་ཧྲིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་འབད་འཐབ་ལྷོད་མེད་བྱས་ཏེ་ཚན་རྩལ་གསར་ཤོས་གསར་འབྱེད་དང་། ལས་འགན་གལ་ཆེན་འཁུར་ལེན། གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ལག་བསྟར་བཅས་བྱེད་པའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ཚན་རྩལ་ལས་དོན་པས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་བྱས་རྗེས་གསར་པ་མང་ཙམ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཚན་རྩལ་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་བ། འགན་འཁྲི་འཁུར་སེམས་དང་། དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཚན་རྩལ་བྱ་གཞག་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་དུས་བབ་ཕྱག་གཟིགས་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་གསུང་བཤད་ཅིག་ཡིན་ལ། ཆབ་སྲིད་རང་བཞིན་དང་། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ཡང་ལྡན་ཡོད། དེས་དུས་རབས་གསར་པའི་ཚན་རྩལ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེས་ན་ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ། ཚན་རྩལ་ལས་དོན་ཡག་པོ་སྒྲུབ་པའི་ཆོད་སེམས་དང་གདེང་ཚོད་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག་ཁྲེན་ལི་ཆོན་དང་པན་ཏེ་ཡིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།
ཚོགས་འདུ་མ་འཚོག་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཁག་གཅིག་ཚོགས་ཆེན་ལ་ཕེབས་པ་རེད།
ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་འཐུས་མི། ཁང་གཉིས་ཀྱི་ཡོན་ཧྲི། རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཡོན་ཧྲི་ཁག་གཅིག ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་སོགས་མི་4300ལྷག་ཙམ་ཚོགས་ཆེན་ལ་ཞུགས་པ་རེད།
2025ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགར་ཁྱོན་རྣམ་གྲངས་258དང་ཚན་རྩལ་རིགས་གཅིག་མཁས་ཅན་11དཔྱད་འདེམས་བྱས་ཤིང་། དེའི་ནང་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་2དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའི་རྣམ་གྲངས་51ཡོད་པའི་ནང་བྱ་དགའ་ཨང་དང་པོ་3དང་བྱ་དགའ་ཨང་གཉིས་པ་48ཡོད། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའི་རྣམ་གྲངས་58ཡོད་པའི་ནང་བྱ་དགའ་ཨང་དང་པོ་3དང་བྱ་དགའ་ཨང་གཉིས་པ་55ཡོད། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་རྣམ་གྲངས་149ཡོད་པའི་ནང་དམིགས་བསལ་རིམ་པའི་བྱ་དགའ་3དང་། བྱ་དགའ་ཨང་དང་པོ་13 བྱ་དགའ་ཨང་གཉིས་པ་133བཅས་ཡོད། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་9ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་ཀྱི་བྱ་དགའ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།