“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འགག་རྩ་ནི་ཚན་རྩལ་རང་ཚུགས་རང་དར་ལ་ཐུག་ཡོད”
ད་ལོའི་ཟླ་2པར། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་ས་གནས་ཀྱི་རྟོག་ཞིབ་ཐེངས་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དབྱི་ཀྲོང་དུ་གནས་པའི་རྒྱལ་ཁབ་འཕྲིན་རྩལ་གསར་གཏོད་གླིང་དུ་ཕེབས་ནས“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འགག་རྩ་ནི་ཚན་རྩལ་རང་ཚུགས་རང་དར་ལ་ཐུག་ཡོད”ཅེས་སླར་ཡང་ནན་བཤད་གནང་ཡོད།
ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་མྱུར་མངོན་འགྱུར་བྱས་ནས“བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པའི”འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས།
ལོ་བརྒྱའི་འགྱུར་ལྡོག་གིས་གོ་ལ་ཧྲིལ་པོའི་གནས་བབ་བསྐྱར་འཛུགས་བྱས་པ་དང་། ཚན་རྩལ་གསར་གཏོད་ནི་འགག་རྩའི་འགྱུར་ཚད་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན“ཚན་རྩལ་རང་ཚུགས་རང་དར་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་རྨང་གཞི་དང་བདེ་འཇགས་ཀྱི་གནད་འགག་ཡིན”ཞེས་དང་། “འགག་རྩའི་ལྟེ་བའི་ལག་རྩལ་ནི་ལེན་ཐབས་མེད་པ་དང་། ཉོ་ཐབས་མེད་པ། སློང་ཐབས་མེད་པ་བཅས་རེད” ཚན་རྩལ་གསར་གཏོད་ལ་དམ་འཛིན་བྱེད་པ་ནི་རང་རྒྱལ་གྱི་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་རང་རེད།
2023ལོའི་ཟླ་2པར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་པ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་ཞིབ་འཇུག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བླང་བྱ་བཏོན་གནང་ཡོད།
ད་ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་བཞུགས་མོལ་ཚོགས་འདུའི་ཐོག“ཤུགས་ཚད་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། རང་རྒྱལ་གྱི་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་བཏང་ནས། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
དུས་རབས་གསར་པ་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་མྱུར་མངོན་འགྱུར་ལ་དམིགས་ནས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བས། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་གསར་གཏོད་བྱེད་མཁན་གལ་ཆེན་ཞིག་ཏུ་གྱུར་ཏེ“འཛམ་གླིང་གི་བཟོ་གྲྭ”ནས་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི“གསར་གཏོད་ཚོད་ལྟ་ཁང”ལ་གྱུར་ཡོད།
ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་མྱུར་མངོན་འགྱུར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཚན་རྩལ་གྱི་རྨང་གཞི་བརྟན་དུ་གཏོང་དགོས།
2020ལོའི་དཔྱིད་ཀར། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཁ་ཤས་ཆད་པ་ལས་རང་རྒྱལ་གྱི་རྒྱལ་ནང་དཔལ་འབྱོར་འཁོར་རྒྱུག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད།
འགག་རྩའི་དུས་སུ་འགག་རྩའི་གདམ་ག་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མང་འདྲེན་མང་གཏོང་བྱེད་པའི་ཁོར་ཡུག་གི་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་ཡོད་པས། ངེས་པར་དུ་དུས་བབ་གསར་པར་གཞིགས་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བསམ་ཕྱོགས་གསར་པ་འདོན་དགོས”ཞེས་གསུངས་པ་དང་། དེ་ལས“འཁོར་རྒྱུག་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།
“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཆེས་ངོ་བོའི་ཁྱད་ཆོས་ནི་ཆུ་ཚད་མཐོ་བའི་རང་ཚུགས་རང་དར་མངོན་འགྱུར་བྱེད་པ་དེ་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོས་གསུངས་པ་དང་། ཁོང་གིས“ང་ཚོས་རང་བརྟེན་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་འགག་རྩའི་ལྟེ་བའི་ལག་རྩལ་གང་མགྱོགས་འགག་སྒྲོལ་ཐུབ་པ་བྱེད་དགོས། འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་ལ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་མངོན་འགྱུར་ཡོང་བའི་འགག་རྩའང་རེད”ཅེས་གསུངས་ཡོད།
ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་མྱུར་མངོན་འགྱུར་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྒུལ་ནུས་ཆེན་པོ་འཕེལ་བར་བྱེད་དགོས།
ད་ལོའི་ཟླ་དང་པོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱང་ལྟའི་བཀོད་སྒྲིག་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བཞི་པ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚན་རྩལ་ཚད་བརྒལ་གྱི་ཚད་གཞིས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ཚད་དང་། རྒྱ་ཆེ་ཚད། གཏིང་ཟབ་ཚད་བཅས་ཚད་གཞི་ངེས་ཅན་ཞིག་ནས་གཏན་འཁེལ་བྱེད་ཀྱི་ཡོད”ཅེས་གསུངས་ཡོད།
རིག་པ་གསལ་བའི་མཐའ་དཔྱོད་ནི་བསམ་གཞིག་གཏིང་ཟབ་ལས་བྱུང་ཞིང་། “ཚན་རྩལ་གསར་གཏོད་ལས་ཐོན་ལས་གསར་པ་དང་། དཔེ་རྣམ་གསར་པ། འགུལ་ནུས་གསར་པ་བཅས་ཐོན་པ་དང་། དེ་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལྟེ་བའི་གཙོ་རྒྱུ་རེད”
ཚན་ཞིབ་ཁང་ནས་ཁེ་ལས་ཀྱི་འཁོར་ཁང་བར་དང་། ཚོད་ལྟ་ཁང་ནས་ཐོན་སྐྱེད་ཀྱི་འཐབ་ས་དང་པོའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཚན་རྩལ་གསར་གཏོད་ཀྱི་འཐབ་ས་དང་པོར་ཕེབས་ནས་བཀའ་མངག་ཡང་ཡང་གནང་སྟེ། ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་ཡོད།
2020ལོའི་ཟླ་5པར། ཧྲན་ཤིས་ཐའེ་ཀང་བཙའ་མེད་ངར་ལྕགས་ཞིབ་ཚགས་ཕྲ་སྲབ་ལྕགས་ལེབ་ཚད་ཡོད་ཀུང་སིར་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས“ངར་ལྕགས་མཉེན་པོར”བསྔགས་བརྗོད་ཆེན་པོ་གནང་ཞིང་། ཁོང་གིས“བཟོ་རྩལ་དངོས་འབྲེལ་ཡག་པོ་འདུག བཀྲག་ཤོག་ནང་བཞིན་སྲབ་པ་མ་ཟད། སྲ་ཞིང་མཁྲེགས་པའི་ངར་ལྕགས་མཉེན་ཞིང་འཇམ་པར་གྱུར་འདུག”ཅེས་གསུངས་ཡོད།
2025ལོའི་ཟླ་5པར། ཧོ་ནན་ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས“དེང་རབས་ཀྱི་བཟོ་སྐྲུན་ལས་རིགས་ནི་ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བ་དང་ཁ་འབྲལ་ཐབས་མེད་པས། ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་རང་བརྟེན་གསར་གཏོད་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་དགོས”ཞེས་གསུངས་ཡོད།
ད་ལོའི་ཟླ་3པར། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག “སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས”ཞེས་དང་། “གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་ཚན་རྩལ་གྱི་གྲུབ་འབྲས་ནུས་ཆེ་གཞན་འགྱུར་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
དུས་རབས་གསར་པ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འཐབ་ཇུས་བཀོད་སྒྲིག་ཚང་མས་འབྱུང་འགྱུར་འཕེལ་རྒྱས་ཀྱི་གོ་སྐབས་སྔོན་འཛིན་ཐུབ་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ཏེ། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་འཕེལ་རྒྱས་ཆེན་པོའི་དུས་སྐབས་སུ་སླེབས་པར་སྣེ་ཁྲིད་ཐུབ་ཡོད།
ངར་ལྕགས་དང་། འཁལ་འཐག གཏེར་འདོན་སོགས་ཀྱི་སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་གསར་པ་འཕེལ་བ་དང་། ནུས་གསར་རླངས་འཁོར་དང་། འོད་ཤུགས། ལིས་གློག་རྫས་སོགས་ཀྱི་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ། གཟུགས་ཅན་རིག་ནུས་དང་། ཚད་རྡུལ་རྩིས་རྒྱག སྐྱེ་དངོས་བཟོ་སྐྲུན་སོགས་འབྱུང་འགྱུར་ཐོན་ལས་རྩ་བ་ཚུགས་པ་བཅས་ཐོན་ལས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།
ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་རེད། “ཀྲུང་གོ་སྟོབས་ཆེར་གཏོང་བ་དང་ཀྲུང་གོའི་མི་དམངས་ཀྱི་འཚོ་བ་ཡག་པོ་ཡོང་བར་ངེས་པར་དུ་ཚན་རྩལ་སྟོབས་ཆེན་ཞིག་དགོས” གདེང་ཚོད་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པར་འོད་སྟོང་གསར་པ་གཏོད་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།