མཚོ་བོད་ལྕགས་ལམ་བསྐྱར་དར་ཕྱོགས་སུ་སྲིང་།
གླེང་མོལ་བྱེད་མཁན།
ཧྲེང་ཡུས་ལེ། འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན།
ཡེ་དབྱང་ཧྲེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ།
ཧྲེང་ཡུས་ལེ། ད་ལོ་ནི་མཚོ་བོད་ལྕགས་ལམ་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། “འཛམ་གླིང་གི་འགྲིམ་འགྲུལ་ངོ་མཚར”དང“དུས་རབས་ཀྱི་ལས་གྲྭ”ནས“དཔལ་འབྱོར་གྱི་འཕར་རྩ་ཆེན་པོའི”བར་སྤྱི་ཚོགས་ཡོངས་ཀྱིས“མཁའ་ལམ”དེར་དོ་ཁུར་ཆེན་པོ་དེ་འདྲ་བྱེད་དོན་ཅི་ཡིན་ནམ།
ཡེ་དབྱང་ཧྲེང་། རླབས་ཆེན་དུས་རབས་ཀྱིས་རླབས་ཆེན་ལས་གྲྭ་བཏོད་ཡོད། མཚོ་བོད་ལྕགས་ལམ་ནི་འཛམ་གླིང་གི་ཆ་སྙོམས་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཞིག་རེད་ལ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱེད་པའི་རིང་གི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་རེད། ད་ཆ་མཚོ་བོད་ལྕགས་ལམ་གྱི་འཛུགས་སྐྲུན་ལ་བསྐྱར་དུ་ཞིབ་ལྟ་བྱས་ན། དེའི་ཐུན་མོང་མ་ཡིན་པའི་འཐབ་ཇུས་ཀྱི་རང་བཞིན་དང་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དེ་བས་ཀྱང་མྱོང་ཚོར་ཐུབ། མི་ཐེངས་དུང་ཕྱུར་དུ་མ་སྨན་པ་བསྟེན་པ་དང་། སློབ་གྲྭར་སྐྱོད་པ། ལས་ཀར་སྐྱོད་པ་སོགས་ལ་ལམ་དང་གནམ་གཤིས་ཀྱི་ཚོད་འཛིན་མི་ཕོག་པ་དང་། མི་སྣ་འགྲུལ་བཞུད་དང་། རིག་གནས་སྤེལ་རེས། མི་རིགས་མཉམ་འདྲེས། གཙོ་རྒྱུ་འཁོར་རྒྱུག་བཅས་ཀྱིས་མཐའ་མཚམས་ས་ཁུལ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་པ། དེའི་གསར་གཏོད་ཀྱི་ཉམས་མྱོང་དང་། འཐབ་ཇུས་ཀྱི་དོན་སྙིང་། འཕེལ་རྒྱས་ཀྱི་རིན་ཐང་བཅས་ལག་ལེན་གྱི་ཁྲོད་དུ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། རང་རེའི་ཏང་གིས་རྟག་ཏུ་ལོ་རྒྱུས་ཀྱི་གཏིང་ཚད་དང་། མི་དམངས་ཀྱི་དགོས་མཁོ། དུས་རབས་ཀྱི་འགྱུར་ལྡོག་བཅས་ལ་དམིགས་ནས་ཡང་དག་པའི་འཐབ་ཇུས་ཀྱི་ཇུས་ཐག་གཏན་འཁེལ་དང་ལག་ལེན་བསྟར་ཏེ་བྱ་གཞག་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་ལག་ལེན་ལས་ར་འཕྲོད་ཀྱི་ཡོད།
ཧྲེང་ཡུས་ལེ། ད་ལོའི་ཟླ་4ཚེས་13ཉིན་བར་མཚོ་བོད་ལྕགས་ལམ་བརྒྱུད་བོད་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངོས་ཟོག་བསྡོམས་འབོར་ཏུན་དུང་ཕྱུར་1ལས་བརྒལ་ཡོད། མཚོ་བོད་ལྕགས་ལམ་ནས་དབུས་ནུབ་རྒྱུད་ཀྱི་ལྕགས་ལམ་དྲ་བར་བལྟས་ན། འགྲིམ་འགྲུལ་སྐྱེལ་འདྲེན་ནི“ཀྲུང་གོའི་དེང་རབས་ཅན་གྱི་སྲོལ་འབྱེད་གདོང་ལེན་པ་ཡིན”ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
ཡེ་དབྱང་ཧྲེང་། འགྲིམ་འགྲུལ་གྱི་བཀོད་པ་དང་འཕེལ་རྒྱས་ཀྱི་བཀོད་པ་གཉིས་ཕན་ཚུན་གསར་གཏོད་དང་སྐུལ་འདེད་གཏོང་བ་ཞིག་རེད། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས“བསམ་ཡུལ་ལས་འདས་པ”གཉིས་བྱུང་བ་སྟེ། “མགྱོགས་པོ་དེ་འདྲ་ཡོད་པ་བསམ་ཡུལ་ལས་འདས་པ”དང་པོ་དེ་ཡིན་ཞིང་། མཚོ་བོད་ལྕགས་ལམ་གྱི་འཁྱགས་སའི་དུམ་བུར་གཉེར་སྐྱོང་བརྟན་པོ་ཐུབ་ཚད་ཆུ་ཚོད་རེར་སྤྱི་ལེ་100ཟིན་པ་དེ་འཛམ་གླིང་གི་མགྱོགས་ཤོས་རེད། “མང་པོ་དེ་འདྲ་ཡོད་པ་བསམ་ཡུལ་ལས་འདས་པ”གཉིས་པ་དེ་ཡིན་ཞིང་། ལོ་རེར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་2006ལོའི་ཏུན་ཁྲི་36.1ནས་2025ལོའི་ཏུན་ཁྲི་831.3བར་འཕར་བ་དེ་སྔོན་དཔག་ལས་ཆེས་ཆེར་བརྒལ་ཡོད།
“མགྱོགས་པོ”དང“མང་པོ”ནི་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྡུས་རིས་ལྟ་བུ་རེད། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་བརྒྱུད་སྐམ་སའི་དབུས་ཁུལ་གྱི་དངོས་ཟོག་ཡག་རིགས་ཀོང་ཤིས་ཀྱི་ཆིན་ཀྲོའུ་གྲུ་ཁ་བརྒྱུད་གོ་ལ་ཧྲིལ་པོར་ཕྱིར་གཏོང་ཐུབ་པ་དང་། ཐ་ཁེ་ལ་མ་ཀན་བྱེ་ཐང་བསྐོར་བའི་ལྕགས་ལམ་ལས་སྔོན་ཆད་ཀྱི“ལམ་དྲའི་མཇུག་སྣེ”དེ་འཕེལ་རྒྱས་ཀྱི་ལྟེ་བར་གྱུར་ཡོད། 2025ལོའི་ལོ་མཇུག་བར་དུ་ནུབ་རྒྱུད་ས་ཁུལ་གྱི་ལྕགས་ལམ་གཉེར་སྐྱོང་གི་ལམ་ཐག་སྤྱི་ལེ་ཁྲི་6.7ཟིན་ཞིང་། དེའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་1.4ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་13.7%དང་38.5%སོ་སོར་འཕར་ཡོད། བགྲོད་ལམ་གྱིས་ཟོག་འགྲུལ་ལ་སྐུལ་ཁྲིད་དང་། ཟོག་འགྲུལ་གྱིས་དཔལ་འབྱོར་ཚོང་དོན་ལ་སྐུལ་ཁྲིད། དཔལ་འབྱོར་ཚོང་དོན་གྱིས་ཐོན་ལས་ལ་སྐུལ་ཁྲིད་བཅས་བྱེད་པ་ལས་སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕན་ཚུན་རོགས་སྐྱོར་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་མངོན་གྱི་ཡོད། “སྟོང་ཆ”བསྐངས་པ་དང་ཆབས་ཅིག ནུབ་རྒྱུད་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་དང་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་ནང་མཉམ་འདྲེས་སྔར་བས་ཡག་པོ་བྱས་པ་བརྒྱུད་འཕར་སྣེ་གསར་པ་དེ་བས་མང་པོ་ཆགས་ངེས་རེད།
ཧྲེང་ཡུས་ལེ། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རིང་སྔོན་མེད་ལག་རྩལ་མང་པོ་གསར་དུ་གཏོད་པ་དང་། འཁྱགས་སའི་ཁུལ་དུ་ལམ་བཟོ་བ་སོགས་འཛམ་གླིང་རང་བཞིན་གྱི་དཀའ་གནད་བསལ་བ། གསར་གཏོད་མང་པོ་ཞིག་ལ་ད་ལྟའང་བློ་འབྱེད་ཀྱི་དོན་སྙིང་ལྡན་ཡོད། ཕྱིར་མིག་བལྟས་པ་བརྒྱུད། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་དེས“སྒྲུབ་མི་ཐུབ་པ”དེ“སྒྲུབ་ཐུབ་ངེས”སུ་ཡང་ཡང་འགྱུར་ཐུབ་དོན་གང་ཡིན་ནམ།
ཡེ་དབྱང་ཧྲེང་། ལྕགས་ལམ་མཚོ་བོད་ས་མཐོར་བསྐྲུན་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོས་མ་གཏོགས་སྒྲུབ་མི་ཐུབ། དེ་འདྲ་བྱུང་དོན་ནི་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་ལྡན་པས་རེད། འཁྱགས་སའི་ཞིབ་འཇུག་ལ་དཔེ་བཞག་ན། ཚན་རིག་ཞིབ་འཇུག་ཁང་དང་སུའོ་དང་། མཐོ་སློབ། ཨར་སྐྲུན་ཁེ་ལས་སོགས་ཀྱི་ཚན་པ་20ལྷག་ཙམ་ཞིབ་འཇུག་འགག་སྒྲོལ་ལ་ཞུགས་ཤིང་། ཚན་ཞིབ་རྣམ་གྲངས་ཁག་38གཏན་འཁེལ་བྱས་པ་དེ་དག་ལམ་གཞི་དང་། ཟམ་པ། ཕུག་ལམ། ཁོར་ཡུག་སྲུང་སྐྱོང་སོགས་རིག་ཚན་མང་པོ་དང་འབྲེལ་བ་ཡོད། ཚོད་ལྟ་ཁང་གི་གྲངས་གཞི་དང་ས་གནས་ས་ཐོག་གི་ལས་ཀའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཚན་ཞིབ་གྲུབ་འབྲས་དག་ལས་གྲྭའི་ལག་རྩལ་དུ་མགྱོགས་མྱུར་བསྒྱུར་ནས་རྗེས་མཐུད་ལས་གྲྭའི་འཛུགས་སྐྲུན་ལ་དཔྱད་གཞི་འཛིན་ས་ཡག་པོ་མཁོ་འདོན་བྱས་ཡོད།
མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་པོ་འགྲོ་བཞིན་ཡོད་པས། རིག་ཚན་སྣོལ་འདྲེས་མཉམ་འདྲེས་དང་ཐོན་སློབ་ཞིབ་སྤྱོད་བཞི་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུ་ནི་དུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་རེད། དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པར་ཏང་གི་འགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་དང་། སྟོབས་ཤུགས་གཅིག་སྡུད། ལམ་སྲོལ་ལེགས་གཏོང་། མཉམ་དུ་འགག་སྒྲོལ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་པ། ཚན་རྩལ་གྱི་གྲུབ་འབྲས་ནུས་ཕྱོད་ཆེན་པོས་གཞན་སྒྱུར་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ལས་སྔ་མ་དང་ཐོན་ལས་ཕྱི་མ་ཕན་ཚུན་སྦྲེལ་མཐུད་དང་། རང་སོའི་ལེགས་ཆ་འདོན་སྤེལ། མཉམ་དུ་ཤུགས་འདོན་བཅས་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱས་ནས་འབྱུང་འགྱུར་གྱི་མཐོ་ས་མྱུར་དུ་འཛིན་པ་དང་འཕེལ་རྒྱས་ཀྱི་ལེགས་ཆ་གཏོད་དགོས།
འཕེལ་རྒྱས་ལྟ་བ་ནས་སྲིད་དོན་ལས་རྗེས་ལྟ་བ་མངོན་ཞིང་། མཚོ་བོད་ལྕགས་ལམ་རླབས་ཆེན་རེད་ཅེས་ཟེར་དགོས་དོན་ནི་ཀྱག་ཀྱོག་གི་རི་ལམ་མང་པོ་བརྒལ་བ་དང་ཟམ་པ་རིང་པོ་མང་པོ་བསྐྲུན་པ་ཙམ་མ་ཟད། དེ་བས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ལམ་བུ་དང་། མཐུན་སྒྲིལ་གྱི་ལམ་བུ། ཕྱུག་འགྱུར་གྱི་ལམ་བུ་བཅས་སུ་གྱུར་པས་རེད། བསྐྱར་དར་གྱི་ལམ་བུར་གཙོ་གནད་ལས་གྲྭ་དོན་འཁྱོལ་བྱས་པ་ནས་གཙོ་གནད་རྣམ་གྲངས་འགག་སྒྲོལ་བྱུང་བའི་བར་དུ་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་མཐའ་འཁྱོངས་བྱས་ཏེ་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཕྲག་ཏུ་ཁུར་ཡོད།
བརྗིད་ཆགས་ཡིད་དུ་འོང་བའི་ཁུ་ནུ་རི་བོས“མཁའ་ལམ”གྱི་ངོ་མཚར་ལ་བདེན་དཔང་བྱས་ཤིང་། རྒྱང་ལམ་གསར་པར་དེ་བས་ཆེ་བའི་ངོ་མཚར་གཏོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
འབྲེལ་ཡོད་གསར་འགྱུར།