ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་གཞི་རྩ་ནས་འགྱུར་ལྡོག་བཏང་བ།
ཇོ་མོ་གླང་མས་ལོ་རྒྱུས་ལ་བདེན་དཔང་བྱེད། ཡར་ཀླུང་གཙང་པོ་མདུན་ཕྱོགས་ལ་དྲག་ཏུ་རྒྱུག ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་དགུང་གྲངས་105ཡི་འཁྲུངས་སྐར་བསུས་པ་དང་བོད་ལའང་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་བསུས་ཡོད། ཟླ་7ཚེས་1ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག“ལོ་ངོ་105ཡི་རིང་འབད་འཐབ་ལྷོད་མེད་བྱས་ནས་ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་གཞི་རྩ་ནས་འགྱུར་ལྡོག་བཏང་ཡོད”ཅེས་གསུངས་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དེ་ནི་ཆོད་གཏམ་གལ་ཆེན་དེའི་གསོན་ཉམས་དོད་ཤོས་ཀྱི་མཚོན་ཚུལ་ཞིག་རེད།
ལོ་ངོ་105ཡི་གོང་ནི་རྒྱལ་ཁམས་ཞིག་རལ་ལྟར་ལ་མི་སེར་རྣམས་ནི་སྡུག་བསྔལ་གྱི་གནས་སུ་ལྷུངས། ཀྲུང་གོ་རྙིང་པའི་ཉམ་ཐག་མི་དམངས་རྣམས“རི་བོ་ཆེན་པོ་གསུམ”གྱིས་མནན་ནས་དབུགས་ཀྱང་གཏོང་མི་ཐུབ་པར་གྱུར་ཞིང་འཛམ་གླིང་ཡང་རྩེར་གནས་པའི་བོད་ལྗོངས་ནི་དེ་བས་མུན་ནག་གི་གནས་སུ་གྱར་ཡོད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་ལོ་ངོ་སྟོང་ལ་ཉེ་བ་བཙན་བཟུང་བྱས་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱ་མངའ་བདག་ཆེན་པོ་གསུམ་ལ་བརྟེན་དགོས་པས། ས་ཞིང་དང་། རང་དབང་། ལ་རྒྱ་བཅས་མེད་ལ། མི་རབས་ནས་མི་རབས་བར་ས་ཞིང་གི་འཆིང་རྒྱར་ཚུད་དེ་རང་ཉིད་ཀྱི་ལས་དབང་ལ་རང་དབང་མེད་པར་གྱུར། སྐབས་དེ་དུས་ས་མཐོར་གཞུང་ལམ་ཡག་པོ་ཞིག་ཀྱང་མེད་པས་དངོས་ཟོག་མི་དང་ཁལ་མར་བརྟེན་ནས་དབོར་དགོས་པ་དང་། དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་ཞིག་མེད་པས་མང་ཚོགས་མང་ཆེ་བས་ཡི་གེ་ན་གཅིག་མི་ཤེས་པ། སྨན་བཅོས་ཀྱི་ཆ་རྐྱེན་མེད་སྟབས་རྟག་ཏུ་ནད་གཞི་ཆུང་ངུ་ཕོག་ཀྱང་རིམ་བཞིན་ཚབས་ཆེར་འགྲོ་བ། ཁ་ཕྲལ་ཕྱོགས་གཏོགས་ཀྱིས་སྐབས་དང་བསྟུན་ནས་ཟིང་ཆ་བསླངས་པས་ས་མཐོའི་མི་སེར་ཚོ་རྟག་ཏུ་སེམས་མི་བདེ་བར་གནས་པ་བཅས་རེད། ས་མཐོའི་བུ་ཕྲུག་ཚོས་བརྟན་ལྷིང་དང་། ལྟོ་གོས་འཛོམས་པ། རང་བརྟེན་བཅས་ཡོང་རེ་བྱེད་ཀྱི་ཡོད་མོད། འོན་ཀྱང་ལམ་ལུགས་རྙིང་པའི་འོག་བསམ་འདུན་དེ་དག་འགྲུབ་ཐབས་བྲལ་བ་ཞིག་རེད།
ཀྲུང་གོ་གུང་ཁྲན་ཏང་གི་འོད་ཟེར་གངས་ལྗོངས་ས་མཐོར་འཕྲོས་སྟབས་གཞི་ནས་དཀའ་སྡུག་ཐམས་ཅད་འགྱུར་ལྡོག་དཔྱིས་ཕྱིན་པ་བྱུང་ཡོད། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བས་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་གྱི་འཆིང་རྒྱ་ལས་ཐར་ཡོད། 1959ལོར་ཏང་གིས་སྣེ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བཏང་སྟེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་བ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ། ས་ཞིང་དང་། རང་དབང་། ལ་རྒྱ་བཅས་ཐེངས་དང་པོ་ཐོབ་པ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་ཐེངས་དང་པོ་གྱུར་བ་བཅས་དུས་དེ་ནས་བཟུང་བོད་ཀྱི་མི་དམངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད་ཡོད།
ལོ་ངོ་75ཡི་རིང་ཏང་གི་འགོ་ཁྲིད་འོག་ཡུལ་ཕྱོགས་གཞན་དུ་ལོ་ངོ་སྟོང་ཕྲག་རིང་གཞི་ནས་བསྐྱོད་ཟིན་པའི་འཕེལ་རྒྱས་ཀྱི་ལམ་བུ་བོད་ཀྱིས་བསྐྱོད་ཟིན་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29ནས་2025ལོའི་སྒོར་དུང་ཕྱུར་3031.89བར་འཕར་བ་དང་། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་བསྡོམས་སྤྱི་ལེ་ཁྲི་12.52ཟིན་པ། ལྕགས་ལམ་དང་མཁའ་འགྲུལ་དྲ་བ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ནས་ཁྱིམ་ཚང་ཚང་མ་དྲོ་སྐྱིད་ལྡན་པའི་བདེ་སྡོད་ཁང་པར་སྤོས་པ། ལོ་15ཡི་གཞུང་གྲོན་སློབ་གསོ་སྔོན་ལ་ལག་བསྟར་བྱས་ཏེ་ཕྲུ་གུ་ཚོ་དཔེ་ཁུག་ཁུར་ནས་སློབ་གྲྭར་བསྐྱོད་རྒྱུ་བྱུང་བ། རྒན་རྒོན་ཚོས་སྒོ་འགྲམ་དུ་སྨན་བཅོས་འགན་བཅོལ་ལོངས་སུ་སྤྱོད་པ་དང་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.5བར་རིང་དུ་ཕྱིན་པ་བཅས་རེད། བོད་མི་དམངས་ཀྱི་བདེ་སྐྱིད་རྣམ་པ་ནི་ཇ་བསྲུབས་མའི་དྲི་ཞིམ་འཐུལ་བ་དང་གྲོང་གསེབ་གསར་པའི་ནང་ཐོས་རྒྱུ་ཡོད་པའི་དགའ་སྤྲོའི་དགོད་སྒྲ་དེ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་བར་ཐེངས་གཉིས་ཕེབས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་ནས་བོད་ཀྱི་ཁ་ཕྱོགས་གཏན་འཁེལ་གནང་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག་བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་སྙིང་དབུས་ནས་བརྗོད་བཞིན་ཡོད།
ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་105རིང་འབད་འཐབ་ལྷོད་མེད་བྱས་པ་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་གོ་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་ཕྱིན་པ་མ་ཟད་མུ་མཐུད་འགྱུར་ལྡོག་ཀྱང་འགྲོ་ངེས་རེད། ཏང་གིས་མཛུབ་ཁྲིད་གནང་བའི་འགྲོ་ལམ་དུ་བསྐྱོད་ཚེ་བོད་ཀྱི་འབྱུང་འགྱུར་ལ་དེ་བས་འོད་སྟོང་འཕྲོ་ངེས་རེད།
འབྲེལ་ཡོད་གསར་འགྱུར།