སྤྱོད་ཚུལ་ལེགས། སྐྱེ་ཁམས་དར། མི་སེར་སྐྱིད།
རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐོར་གྱི་རིམ་སྤེལ་སྒྲིལ་གླེང་ཉེར་གསུམ་པ།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཏུ་བརྩི་བ་དང་། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོཌ་ཀྱི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་འགག་གནད་སྒྲོལ་སར་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། གངས་ལྗོངས་ས་མཐོའི་ནམ་མཁའ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་གཙང་། ས་གཞི་དེ་བས་སྔོ་ལྗང་། མང་ཚོགས་དེ་བས་བདེ་སྐྱིད་ལྡན་པ་བཅས་བྱུང་ཡོད།
ཚད་གཞི་མཐོ་པོས་སྐྱེ་ཁམས་ཀྱི་མཐོ་ས་འཛུགས་སྐྲུན་གྱི་རྨང་གཞི་བརྟན་དུ་བཏང་བ།
“ས་མཐོའི་སྐྱེ་ཁམས་མ་ལག་ཧ་ཅང་ཉམས་ཞན་ཡིན་པ་དང་ཉམས་གསོའི་དུས་འཁོར་རིང་བས་སྐྱེ་ཁམས་ལས་དོན་ཁྲལ་སེལ་སླ་བཅོས་གཏན་ནས་བྱེད་མི་རུང”ཞེས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་དབང་ཞའོ་ཏུང་གིས“ང་ཚོས་ཤོག་ངོས་ནས་དོན་འཁྱོལ་དང་། རྩིས་ཁྲ་རྫུན་མ་བཟོ་བ། སྒྲུབ་སྐུལ་བྱེད་པར་ཁྲལ་སེལ་སླ་བཅོས་སོགས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་ལས་དོན་མཐའ་དག་སྒྲུབ་པར་སྐྱེ་ཁམས་ཀྱི་ཕན་འབྲས་དངོས་ལ་དམིགས་པ་དང་མང་ཚོགས་ཀྱི་རེ་སྒུག་དང་འཚམ་པར་བྱེད་དགོས”ཞེས་བཤད།
དམིགས་ཚད་སྟོན་ཕྱོགས་དེ་ལྟ་བུའི་བླང་བྱའི་འོག 2025ལོར་ལྷ་རི་རྫོང་རྒྱལ་ཁབ་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྔོན་སྤེལ་ཁུལ་ཁག་དང་པོའི་མིང་ཐོའི་ནང་ཚུད་དེ་བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་མཚན་སྙན་དེ་ཐོབ་པའི་རྫོང་འབའ་ཞིག་དེར་གྱུར་ཡོད། གཟི་བརྗིད་མཚན་སྙན་དེ་ནི་གཞི་རིམ་ལས་བྱེད་པ་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་དངོས་འཛིན་དངོས་སྒྲུབ་ཀྱི་འབད་བརྩོན་ལྷོད་མེད་བྱ་རྒྱུར་དཔེ་སྟོན་གྱིས་སྣེ་ཁྲིད་དང་དཔེ་མཚོན་གྱིས་སྐུལ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་རེད།
བོད་ཀྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ལྕི་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སྐྱེ་ཁམས་ལ་ཐུག་ཡོད། རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་དང་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་རིན་སྤུངས་རྫོང་ཡན་ལག་ཅུས་ཀྱི་ལས་རོགས་ལག་རྩལ་ཆེ་མོ་བ་བློ་བཟང་འཇམ་དཔལ་གྱིས་རང་ངོས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དེ་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་དུ་གྱུར་ནས་རྫོང་ཡོངས་ཀྱི་ཤང་8དང་། གྲོང་རྡལ་1 སྲིད་འཛིན་གྲོང་ཚོ་72བཅས་སུ་བསྐྱོད་ཡོད།
སྤྱོད་ཚུལ་ལེགས་གཏོང་ལ་བརྟེན་ནས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཏེ་རང་ལྗོངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་364བཏང་ནས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་སྐྱེ་ཁམས་འདུ་འགོད་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། 2025ལོར་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཕན་འབྲས་ཀྱི་སྟོན་རྟགས་ཁག་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་སྟོན་རྟགས་ཁག9རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ནུས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་བཀོད་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་བྱུང་ཡོད།
རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ།
ཆ་སྙོམས་ས་བབ་སྨི་3650ཡི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ནི“འཛམ་གླིང་ཡང་རྩེ”སྔོ་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཅིག་རེད། འདི་གར་ས་རྒྱུ་ཞན་པ་དང་། ས་རིམ་སྲབ་པ། རླངས་པར་འགྱུར་ཚད་ཆེ་བ་བཅས་ཡོད་ཅིང་། “རྡོ་སྟེང་དུ་ཤིང་འཛུགས་པ”ཞེས་པ་ནི་དེ་སྔ་མང་ཚོགས་ཀྱིས་ཤོད་པའི་ཀུ་རེའི་གཏམ་ཞིག་ཡིན་མོད། འོན་ཀྱང་ད་ཆ་ནགས་ཚལ་དང་རྩྭ་ཐང་འདེབས་མཁན་ཚོས་ངེས་པར་དུ་ཁྱད་བསད་བྱེད་དགོས་པའི་དངོས་ཡོད་ཀྱི་དཀའ་གནད་ཅིག་ཏུ་གྱུར་ཡོད།
“ས་སྲབ་པས་སྒྱེ་མོ་རེ་རེ་བཞིན་ས་རྒྱོང་དགོས་པ་དང་། ཆུ་དཀོན་པས་སོར་ཚད་རེ་རེ་བཞིན་ཆུ་སྦུག་འཁྲིད་དགོས་ཀྱི་ཡོད། རི་བོ་མཐོང་རྒྱུ་ཡོད་ཕྱིན་དཀའ་ངལ་ལས་ཐབས་ཤེས་མང་བ་ཡོད”ལི་པའོ་ཕིང་ནི་ལྷ་ས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱི་ནགས་བཟོའི་འཐབ་ཕྱོགས་དང་པོར་སྐྱོད་མཁན་ལས་བྱེད་པ་ཞིག་ཡིན་པ་དང་། ལོ་འཁོར་མོར་ཆ་རྐྱེན་ཞན་ཤོས་ཀྱི་ནགས་བཟོའི་ཡུག་ཁུལ་དུ་བཅའ་སྡོད་བྱེད་ཀྱི་ཡོད།
ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ནི་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པའི་རྩ་བའི་འགན་ལེན་ཞིག་དང་འཐབ་ཕྱོགས་དང་པོའི་དངོས་སྒྲུབ་ནི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གཏིང་ཤུགས་བརྟན་པོ་ཞིག་རེད།
བོད་ཀྱི་ས་རྒྱ་ཆེ་བ་དང་། བདག་སྐྱོང་བྱེད་ཁྱོན་ཆེ་བ། རང་བྱུང་ཆ་རྐྱེན་དཀའ་ཚེགས་ཆེ་བ་བཅས་ཡོད་ཅིང་། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་བྱེད་པ་དང་ལས་བཟོས་མཐོ་གྲང་གི་གསོ་རླུང་མི་འདང་བ་དང་། ཕུ་ཐག་རིང་བ། མི་ཉུང་ལ་ལས་ཀ་མང་བ་བཅས་ཀྱི་དངོས་ཡོད་དཀའ་ངལ་ཁྱད་བསད་བྱས་ཏེ་འཐབ་ཕྱོགས་དང་པོར་རྒྱུན་མཐུད་གཞི་ཚུགས་པ་དང་མདུན་ཕྱོགས་སུ་འགག་སྒྲོལ་ལས་སྒྲུབ་བྱས་ནས་འགན་འཁྲི་ཏན་ཏིག་འཁུར་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་ཡོད།
དུས་ཡུན་རིང་པོའི་ནང་། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མི་སྣས་ལོ་འཁོར་མོར་ས་བབ་མཐོ་བའི་ཐག་རིང་ལུང་ཁུག་ཏུ་བསྐྱོད་དེ། གནས་ལམ་ཐང་སྟེང་དུ་བྱས་ཤིང་ལ་ཀླུང་བརྒལ་ནས་ལོ་རེར་ཆ་སྙོམས་དབྱེ་ཞིབ་དང་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཁྲི་20ལྷག་ཙམ་འཚོལ་བསྡུ་བྱས་ནས་ས་མཐོའི་སྐྱེ་ཁམས་ཀྱི་བབ་བསྟུན་འགྱུར་ལྡོག་གནད་སྨིན་ཁོང་དུ་ཆུད་ཡོད། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྒྱུར་མི་སྣས་འཐབ་ཕྱོགས་དང་པོར་སྐོར་ཞིབ་དང་ལྟ་འདོམས་ནན་པོ་མཐའ་འཁྱོངས་བྱས་ནས་ལོ་ལྟར་ཡུལ་དངོས་སུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་ཁག་160ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
གཏིང་ཟབ་པའི་སྒོ་ནས་སྐྱེ་ཁམས་ཀྱི་དམངས་ཕན་དམངས་ཁེ་དམངས་བདེ་མངོན་འགྱུར་བྱས་པ།
ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས“དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན”པའི་ལས་ཀའི་འདུ་ཤེས་བརྟན་པོ་བཙུགས་ནས་ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་གི“གནད་དོན་གསལ་ཐོ”དེ་ལས་བྱེད་པས་འགན་འཁྲི་གཙང་སྒྲུབ་བྱེད་པའི“ཕན་འབྲས་གསལ་ཐོར”སྒྱུར་བ། དག་ཐེར་ཏན་ཏིག་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་པ་དང་སྐྱེ་ཁམས་ལེགས་སུ་བཏང་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ཡོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཤར་བདེ་སྡོད་གླིང་གསར་པའི་འཕོ་འགྱུར་ནི། འདུ་ཤེས་དེའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་སྟེ། མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་རེ་འདུན་ལ་གཡོལ་ཐབས་མི་བྱེད་པ་དང་རང་འགན་གཞན་དཀྲི་མི་བྱེད་པར་ལམ་སེང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་པས། སྔོན་ཆད་ཀྱི“འདམ་རྫབ་ས་ཆ”དེ་གྲོང་མིའི“ངལ་གསོའི་སྐྱེད་ཚལ”དུ་གྱུར་ཡོད།
“དེ་སྔར་ཁུལ་ཆུང་ཉེ་འཁོར་གྱི་ལམ་ངོས་སུ་འདམ་རྫབ་ཡོད་པ་དང་ཁོར་ཡུག་རྙོག་འཛིང་ཆེ་བས། འཚོ་བ་སྐྱེལ་དུས་ཧ་ཅང་སྐྱོ་པོ་ཡོད། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་སྔོ་འགྱུར་ལེགས་སུ་བཏང་བ་བརྒྱུད་ད་ཆ་རྐང་ལམ་གཙང་ཞིང་གྲལ་འགྲིག་པ་དང་རྩི་ཤིང་གིས་ཡོངས་སུ་བཀླུབས་ཤིང་། སྡོད་གནས་ཀྱི་ཁོར་ཡུག་ཧ་ཅང་ཉམས་དགའ་བར་གྱུར་ཡོད། སྲིད་གཞུང་སྡེ་ཚན་གྱིས་བྱ་བ་ཆུང་ཙག་ནས་འགོ་འཛུགས་པ་དང་མང་ཚོགས་ལ་བསམ་བློ་གཏོང་བའི་བྱེད་ཐབས་ལ་མོས་བསྟོད་བྱེད་ཀྱི་ཡོད”ཅེས་གྲོང་མི་བཀྲ་ཤིས་ཀྱིས་མྱོང་ཚོར་ཟབ་མོས་བརྗོད།
དེ་ཙམ་དུ་མ་ཟད། རང་ལྗོངས་ཀྱིས་སྐྱེ་ཁམས་དམངས་ཕན་གྱི་བྱེད་ཐབས་ལ་རྒྱུན་མཐུད་དམ་འཛིན་ཏན་ཏིག་བྱས་ཏེ་སྐྱེ་ཁམས་བདག་སྐྱོང་པའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་འབྲོག་མང་ཚོགས་ཐག་ཉེ་སར་སྐྱེ་ཁམས་སྲུང་སྐྱོང་དང་འབབ་འཕར་བརྟན་པོའི་ནང་ཞུགས་སུ་བཅུག་ནས་རྩི་ཤིང་སྲུང་སྐྱོང་ལ་ལས་གནས་ཡོད་པ་དང་། རྩི་ཤིང་བརྟན་སྲུང་ལ་འགན་འཁྲི་ཡོད་པ། རྩི་ཤིང་འཕར་སྣོན་ལ་གླ་ཆ་ཡོད་པ་བཅས་བྱས་པ་རེད།
“ང་རང་ལོ་འཁོར་མོ་ཡུག་ཏུ་འདམ་ར་སྐོར་སྲུང་དང་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་ཞུགས་པས་ཕ་ཡུལ་གྱི་རི་སྔོན་ཆུ་དྭངས་སྲུང་སྐྱོང་ཐུབ་པ་མ་ཟད། ཁྱིམ་ཚང་གི་ཡོང་འབབ་ཀྱང་བརྟན་པོ་འཕར་ཐུབ་པ་དང་། སྐྱེ་ཁམས་ཀྱི་དམངས་ཕན་སྲིད་ཇུས་ཀྱིས་གཞི་རིམ་མང་ཚོགས་ལ་དངོས་འབྲེལ་ཕན་པ་ཐོབ་ཡོད”ཅེས་ལྷ་རི་རྫོང་སྨི་ཏི་ཁ་ཤང་གི་འདམ་ར་བདག་སྐྱོང་པ་རྡོ་རྗེ་ལྷ་རྒྱལ་གྱིས་གསར་འགོད་པར་བཤད།
རང་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས“1+8”འཛུགས་སྐྲུན་མ་ལག་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་ཁྲོད་ལྷ་རི་རྫོང་དང་ཀོང་པོ་རྒྱ་མདའ་རྫོང་སོགས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཕུལ་བྱུང་དཔེ་མཚོན་ལ་བདམས་ཐོན་བྱུང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུཌ་སྐྲུན་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག གྲོང་ཚོའི་བཀོད་པ་ལེགས་གཏོང་བཅས་ལ་སྐུལ་འདེད་བཏང་བ་བརྒྱུད། གྲོང་གསེབ་ཀྱི་སྐྱེ་ཁམས་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་དར་རྒྱས་ཀྱི་རང་མདངས་སྔར་བས་གསལ་པོར་གྱུར་ཡོད།
སྤྱོད་ཚུལ་ནན་པོ་བྱུང་ན་བྱ་གཞག་དར་རྒྱས་འགྲོ། སྐྱེ་ཁམས་ལེགས་པོ་བྱུང་ན་མི་སེར་བདེ་བར་འཁོད། མིག་སྔར་བོད་དུ་སྐྱེ་ཁམས་སྲུང་སྐྱོང་དང་། དམངས་འཚོ་ལེགས་གཏོང་། སྤྱོད་ཚུལ་སྒྱུར་བ། མི་རིགས་མཐུན་སྒྲིལ་བཅས་ཕྱོགས་ཡོངས་ནས་གཉིས་ཕན་བྱུང་བ་དང་། མི་ཀུན་གྱིས་སྐྱེ་ཁམས་ལ་གཅེས་སྐྱོང་དང་། རྩི་ཤིང་སྲུང་སྐྱོང་ལ་ཞུགས་པ། ཁེ་ཕན་མཉམ་སྤྱོད་བཅས་བྱེད་པའི་བཀོད་པ་བཟང་པོ་ཞིག་ཆགས་པར་བརྟེན། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཆེད་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་པར་རྨང་གཞི་བརྟན་པོ་བཏིང་ཡོད།
འབྲེལ་ཡོད་གསར་འགྱུར།