དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཐབ་འཛིང་བཙན་རྫོང་བརྟན་པོ་བསྐྲུན་ནས་ས་མཐོའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ།

    “རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་བྲག་ཡིབ་ཆུས་སྤྲིན་པ་གྲོང་ཚོའི་འབད་འཐབ་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-09

    ཟླ་7ཚེས་1ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་རྣམ་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་ནས་དམར་མདངས་བཀྲ་བའི“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་ལག་ཁྱེར་དེ་བླངས་ཤིང་། “སྐབས་དེ་དུས་ང་རང་སེམས་འགུལ་ཚད་མེད་ཐེབས་ནས་ཡུན་རིང་སེམས་ལྷོད་ལ་བབས་ཐབས་བྲལ། གཟི་བརྗིད་མཚན་སྙན་དེ་ང་རང་གཅིག་པུའི་མིན་པར་ང་ཚོ་སྤྲིན་པ་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཡོངས་ཀྱིས་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་རེད”ཅེས་ཚེ་རིང་རྣམ་རྒྱལ་གྱིས་ལག་ཁྱེར་སྟོན་བཞིན་དུ་སྐད་གསངས་མཐོན་པོས་བཤད།

    ཁོང་གིས་བཤད་པ་ལྟར་སྤྲིན་པ་གྲོང་ཚོའི“དམར་མདངས”ལག་ཁྱེར་ལ་ཏང་ཡོན་ཚོས་ལས་ལ་གཞོལ་བའི“གདོང་ལེན་གྱི་མདངས”དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་སྐབས་གྲོང་མིའི་ངོ་གདོང་ནས་མངོན་པའི“བདེ་སྐྱིད་ཀྱི་མདངས” གྲོང་ཚོ་ཡོངས་ཀྱི་མི་སེར་རྣམས་བློ་གཅིག་སེམས་གཅིག་གིས་མདུན་དུ་བསྐྱོད་པའི“མཐུན་སྒྲིལ་གྱི་མདངས”སོགས་སྤྲོ་སྣང་དང་གྲུབ་འབྲས་མང་པོ་འདུས་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་ང་ཚོར་ཐུགས་ཁུར་གཟབ་བཞེས་གནང་གི་ཡོད། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་གྲོང་ཚོར་ཉེ་ཆར་འཕེལ་རྒྱས་གང་འདྲ་བྱུང་མིན་སྐོར་བཀའ་འདྲི་གནང་བྱུང”ཞེས་གྲོང་ཚོར་ཕྱིར་ལོག་མ་ཐག་ཚེ་རིང་རྣམ་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཟི་བརྗིད་མཚན་སྙན་ཡུལ་མི་ཚོར་ཁྱབ་བསྒྲགས་བྱས།

    སྤྲིན་པ་གྲོང་ཚོའི་ལོ་བཅུ་གྲངས་རིང་གི་གྲུབ་འབྲས་དང་འགྱུར་ལྡོག་ལ་ཕྱིར་མིག་བལྟས་ཚེ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལས་སེམས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་ཡོད། དེས་གཞི་རིམ་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་མང་པོ་ཞིག་ལས་བྱེད་པ་དང་མང་ཚོགས་ཚོས་ལག་གདང་སྦྲེལ་ཞིང་བློ་སེམས་གཅིག་མཐུན་གྱིས་བྱ་བ་སྒྲུབ་པའི་ཁྲོད་ཐག་གཅོད་བྱུང་བ་ཞིག་རེད།

    ཁམ་བུའི་མེ་ཏོག་རབ་ཏུ་བཞད་དུས་གྲོང་ཚོའི་ནང་གི་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་ལ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། དེ་དང་ཆབས་ཅིག་མཛེས་ལྗོངས་ཁུལ་དུ་གཙང་སྦྲ་བྱེད་པ་དང་། གད་སྙིགས་གཙང་སེལ་བྱེད་པ། ཡུལ་སྐོར་གྱི་སྤྱི་པའི་གསང་སྤྱོད་བཀོལ་སྤྱོད་བདག་སྐྱོང་སོགས་ཀྱི་ལས་འབོར་མང་དུ་ཤུགས་ཆེན་ཕྱིན་ཡོད། དེ་ནི་རྒྱལ་ཡོངས་ས་གནས་ཁག་གི་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཡོངས་ཁྱབ་ངང་འཕྲད་པའི་དཀའ་གནད་ཅིག་རེད།

    འོན་ཀྱང་སྤྲིན་པ་གྲོང་ཚོས་ཏང་འཛུགས་སྐྱོང་གིས་མཐུན་རྐྱེན་སྦྱོར་བའི“གཉིས་ལྡན་དུད་སྦྲེལ”གྱི་བཅོས་སྐྱོང་ལམ་སྲོལ་ལ་བརྟེན་ནས་གཞི་རིམ་གྱི་དཀའ་གནད་མཐའ་དག་གང་ལེགས་སེལ་ཐུབ་པ་བྱུང་ཡོད།

    ཟླ་བ་རྒྱལ་མཚན་ཏང་ལ་ཞུགས་ནས་ལོ་20སོང་ཞིང་། སྤྲིན་པ་གྲོང་ཚོའི་ཁོངས་གཏོགས་ཀ་ལ་རང་བྱུང་གྲོང་ཚོའི“གཉིས་ལྡན་དུད་སྦྲེལ”གྱི་ཐེམ་དཔོན་ཞིག་རེད། ཟླ་བ་རྒྱལ་མཚན་གྱིས“ཀྲི་པུའུ་ཡིས་སྤྱི་འདོམས་བཀོད་སྒྲིག་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་འགན་འཁུར་བ་དང་། མཛེས་ལྗོངས་ཁུལ་གྱིས་གཙང་སྦྲ་དང་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ཚང་མ་དུད་ཚང་དུ་ཞིབ་ཚགས་བགོ་བ་དང་མི་ཐོག་ཏུ་དོན་འཁྱོལ་བཅས་བྱེད་ཀྱི་ཡོད། དོན་དག་དེ་དག་གྲོང་ཚོའི་ནང་ཆེད་བསྐོས་མི་སྣས་འགན་གཙང་ལེན་པ་དང་བཙན་ཤེད་ཀྱིས་ཆ་གསེས་མི་རྒྱག་པར་དུད་ཚང་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། ཏང་ཡོན་གྱིས་རང་འགུལ་ངང་སྔོན་ལ་བྱེད་པ། མང་ཚོགས་ཀྱིས་གཞོགས་འདེགས་ཧུར་ཐག་བྱེད་པ་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད”ཅེས་བཤད།

    ཕྱར་བ་གྲུ་འདེགས་བྱས་པའི་གྲུབ་འབྲས་དེ་མཐར་མང་ཚོགས་ཀྱི་དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་ཏུ་འགྱུར་ཡོད། ལོ་མཇུག་ཏུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་སྐབས་གྲོང་མི་ཚོས་ལག་ཏུ་ཁེ་སྤོགས་བགོས་པའི་མ་དངུལ་བཟུང་ཞིང་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་མངོན་གྱི་འདུག

    “གྲོང་ཚོ་ཞིག་ཕྱུག་པོ་ཆགས་ན་ཕྱུག་པོར་མི་བརྩི་བར་ཚང་མ་ཕྱུག་པོ་ཆགས་ན་གཞི་ནས་ཕྱུག་པོར་བརྩི་གི་ཡོད། ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པར་ཕན་ཚུན་རོགས་རམ་བྱེད་དགོས”ཞེས་ཉི་མ་རྡོ་རྗེས་བཤད་པ་དང་། ཁོང་གི་སྐད་ཆའི་ནང་ནས་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་རྒྱུན་བསྲིང་ལག་བསྟར་བྱས་པའི་འགན་འཁྲི་འཁུར་སེམས་དང་རྣམ་པ་མཚོན་ཡོད།

    སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུས་ས་ཁོངས་སྒྲོལ་བའི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་གངས་ལྗོངས་ས་མཐོར་སེམས་པ་གཅིག་མཐུན་དང་ལག་གདང་སྦྲེལ་ནས་དར་རྒྱས་གཏོང་བའི“མཐུན་སྒྲིལ་གྱི་མེ་ཏོག་དམར་པོ”བཞད་ཡོད།

    “མཐུན་སྒྲིལ་གྱི་བསྟོད་དབྱངས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་ཁང་དུ་སྐྱོད་སྐབས་པར་རིས་གསར་རྙིང་དང་། ཁེ་སྤོགས་བགོ་བའི་རྩིས་ཐོ། དང་བླངས་ཞབས་ཞུའི་ཟིན་ཐོ་བཅས་རེ་རེ་ལས་གྲོང་ཚོ་དེ་དེ་སྔའི་རྒྱུན་ལྡན་གྱི་རི་གྲོང་ཆུང་ཆུང་ཞིག་ནས་གྲོང་གསེབ་དར་རྒྱས་ཀྱི་མིག་དཔེར་གྱུར་པའི་འབད་འབུངས་མདུན་སྐྱོད་ཀྱི་ལམ་བུར་བསྐྱོད་པ་མཐོང་ཐུབ།

    “རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་གཟི་བརྗིད་ལག་ཁྱེར་དམར་པོ་དེ་མི་རིང་བར་འགྲེམས་སྟོན་ལ་བཤམས་ན་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་དངོས་སྒྲུབ་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་བཏང་བའི་དཔང་པོ་གསར་རྐྱང་ཞིག་ཏུ་འགྱུར་རྒྱུ་རེད།

    འགྲེམས་སྟོན་ཁང་ནང་ལས་སླ་པོར་བྱུང་བ་ཞིག་མིན་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་དེ་ལག་ཏུ་ཉར་ནས་ཚེ་རིང་རྣམ་རྒྱལ་གྱིས“འདི་ནི་ང་ཚོའི་འགོ་འཛུགས་ས་གསར་པ་ཞིག་རེད། ཏང་གི་རྗེས་སུ་དམ་པོར་འབྲངས་ནས་མུ་མཐུད་ལས་ཀ་ཡག་པོ་བྱས་ཚེ་ཚང་མའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།