2026ལོའི་ས་མཐོའི་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་འགོ་ཚུགས་པ།
སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་470སྐྱེལ་འདྲེན་བྱ་རྒྱུ་ཡིན་པ།
ཟླ་7ཚེས་1ཉིན། དུས་ཡུན་ཉིན་62ཀྱི་2026ལོའི་རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་དངོས་སུ་འགོ་ཚུགས་པ་དང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་དབྱར་གསེང་སྐྱེལ་འདྲེན་འགན་སྲུང་ལས་དོན་དུས་གཅིག་ཏུ་སྤེལ་འགོ་ཚུགས་ཡོད། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་470སྐྱེལ་འདྲེན་བྱ་རྒྱུ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་7.6སྐྱེལ་འདྲེན་བྱ་རྒྱུ་དེ་2025ལོ་ལས་འཕར་ཚད་0.3%ཙམ་ཟིན་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ས་མཐོའི་ལྕགས་ལམ་ནས་དབྱར་གསེང་གི་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་དུས་འཁོར་རིང་བ་དང་། འགྲུལ་པ་མང་བ། དུས་མཇུག་ལ་དུས་འགོ་ལས་འགྲུལ་རྒྱུན་མང་བ། ནང་ཁོངས་དང་ཁོངས་སྒྲོལ་འགྲུལ་རྒྱུན་གཉིས་ཀ་མང་བ་དང་ལམ་ཐིག་རིང་པོར་སྐྱོད་མཁན་མང་བ་སོགས་ཀྱི་ཁྱད་ཆོས་ལས་འགྲུལ་རྒྱུན་འཚང་ཁ་ཆེ་བའི་དུས་ཚིགས་ཐེངས་མང་ཐོན་རྒྱུ་སྟེ། ཟླ་7པའི་ཟླ་འགོ་ནས་ཟླ་7ཚེས་15ཉིན་བར་སློབ་མ་གུང་གསེང་བཞག་ནས་ཕ་ཡུལ་དུ་ལོག་པ་དང་། གཉེན་ཉེ་ཐུག་འཕྲད། ཡུལ་སྐོར་བ་མང་བ་བཅས་དུས་གཅིག་ཏུ་ཁེལ་བས་འགྲུལ་རྒྱུན་མང་དུ་འགྲོ་རྒྱུ་དང་། ཟླ་8ཚེས་15ཉིན་ནས་ཟླ་9པའི་ཟླ་འགོ་བར། རིག་གནས་ཡུལ་སྐོར་གྱི་སྤྲོ་གསེང་ཡུལ་སྐོར་བ་དང་སློབ་མ་སློབ་གྲྭར་ཕྱིར་ལོག་དང་། སློབ་མ་གསར་པ་འབྱོར་ཐོ་འགོད་པ། སློབ་མ་སྐྱེལ་མཁན་མང་བ་བཅས་ཀྱི་རྐྱེན་པས་འགྲུལ་བཞུད་མང་བའི་དུས་ཤིག་སླེབས་རྒྱུ། ཟླ་8པའི་ཟླ་མཇུག་ཏུ་སློབ་མ་མང་ཆེ་བ་གཅིག་སྡུད་ཐོག་སློབ་གྲྭར་ལོག་དགོས་པས་འགྲུལ་རྒྱུན་མང་དུ་འགྲོ་རྒྱུ་བཅས་རེད། འགྲུལ་རྒྱུན་གྱི་ས་ཕྱོགས་ཐད་ཁོངས་སྒྲོལ་འགྲུལ་རྒྱུན་གཙོ་བོ་བོད་ནས་འགྲོ་འོང་དང་དེ་བཞིན་པེ་ཅིང་དང་། ཧྲང་ཧའེ། ཁྲེང་ཏུའུ། ཤིས་ཨན་སོགས་སུ་སྐྱོད་མཁན་ཡིན་པ་དང་། ནང་ཁོངས་འགྲུལ་རྒྱུན་གཙོ་བོ་ཟི་ལིང་ནས་གོར་མོ་དང་ལྷ་ས་བར་དང་། ལྷ་ས་ནས་གཞིས་རྩེ་བར། ཉིང་ཁྲིའི་བར་ཁོངས་བཅས་སུ་སྐྱོད་མཁན་ཡིན་པ་དང་། ཟི་ལིང་དང་། གོར་མོ། ལྷ་ས་བཅས་ཀྱི་མེ་འཁོར་འབབ་ཚུགས་ནི་འགྲུལ་རྒྱུན་བསྡུ་འགྲེམས་ཀྱི་གཙོ་གནད་འབབ་ཚུགས་ཡིན་པ་རེད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་དུས་ཚིགས་གསུམ་པའི་མེ་འཁོར་འཁོར་སྐྱོད་འཆར་གཞི་དང་དེ་བཞིན་དབྱར་གསེང་རིང་གི་འགྲུལ་རྒྱུན་གྱི་ཆོས་ཉིད་དང་ཟུང་འབྲེལ་བྱས་ཏེ། ཁོངས་སྒྲོལ་དང་ནང་ཁོངས་སྐྱེལ་འདྲེན་བྱེད་ཤུགས་དུས་གཅིག་ཏུ་ལེགས་སུ་བཏང་སྟེ་རིགས་ཁག་གི་ཕྱིར་སྐྱོད་དགོས་མཁོ་གནད་སྨིན་སྐོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།