དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྟ་བདུན་དབང་པོའི་ཚ་དྲོད་ཉིན་མཚན་ལྟོས་མེད་ལོངས་སྤྱོད་ཐུབ་པར་བརྩོན།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་ས་མཐོའི་ཉི་འོད་ནུས་པའི་དྲོད་རླངས་མཁོ་འདོན་གྱི་དཔེ་མཚོན་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-09

    དབྱར་ཁ་ཡིན་ཡང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་གཞུང་དུ་ཞོགས་པའི་རླུང་བུ་གྲང་བསིལ་བསིལ་དུ་ལྡང་། ས་བབ་སྨི་3500ལྷག་ཙམ་ཡོད་པའི་ཟངས་རི་རྫོང་གི་ལས་ཡུལ་ཞིག་ཏུ་འཕྲུལ་ཆས་ཀྱི་ལྡིར་སྒྲ་བར་མེད་གྲགས་ཤིང་། དེ་གར་ཚ་ཚ་འུར་འུར་དུ་སྤེལ་བཞིན་པའི་ཉི་འོད་ནུས་པའི་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་འདི་མཐའ་མའི་ལེགས་སྒྲུབ་ཀྱི་དུས་མཚམས་སུ་སླེབས་ཡོད།

    དུས་ཡུན་རིང་པོའི་ནང་ས་བབ་མཐོ་བའི་ས་ཁམས་ཁོར་ཡུག་གིས་ཟངས་རི་རྫོང་ལ་དགུན་དུས་དྲོད་རླངས་མཁོ་འདོན་བྱེད་པར་དཀའ། གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་སྒྲིག་བཀོད་ཆ་ཚང་ཞིག་མེད་པའི་དབང་གིས་ས་གནས་དེ་གའི་སློབ་གྲྭ་དང་། སྨན་ཁང་། སྲིད་དོན་ལྟེ་གནས། ལས་བྱེད་པ་དང་ལས་བཟོའི་སྡོད་ཁང་བཅས་ཀྱི་ཁང་པའི་ནང་དུའང་ཧ་ཅང་གྲང་བས། དྲོད་རླངས་མཁོ་འདོན་བྱ་རྒྱུ་དེ་ས་གནས་དེ་གའི་མང་ཚོགས་ལ་ལོ་མང་རིང་འཕྲད་པའི་དཀའ་གནད་ཅིག་དང་། ཚང་མས་ཡུན་རིང་རེ་སྒུག་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

    རེ་སྒུག་དེ་ད་ཆ་རིམ་བཞིན་དོན་དངོས་སུ་གྱུར་བཞིན་ཡོད། ཉེ་ཆར། གསར་འགོད་པ་ཟངས་རི་རྫོང་གྲོང་གི་དྲོད་རླངས་མཁོ་འདོན་ལས་གྲྭ་སྐྲུན་ཡུལ་དུ་བསྐྱོད་པས། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.19བཏང་བའི་རྫོང་རིམ་པའི་གཙོ་གནད་ལས་གྲྭ་དེར་མིག་སྔར་སྤྱིའི་ཨར་ལས་སྐྲུན་ཚད་70%ཟིན་པ་དང་སྔོན་དཔག་བྱས་ན་ད་ལོའི་ཟླ་11པར་ཚོད་ལྟའི་རང་བཞིན་གྱི་དྲོད་རླངས་གཏོང་ཐུབ་རྒྱུ་རེད།

    ཨར་ལས་བྱ་ཡུལ་ཧྲིལ་པོར་ས་ཁྱོན་ཆེན་པོ་བཟུང་བའི་ཉི་འོད་ནུས་པའི་གཅིག་སྡུད་དྲོད་རླངས་མཁོ་འདོན་ས་ཚིགས་ནི་ལྟེ་བ་གནས་ཡུལ་དེ་ཡིན། བཟོ་པ་ཚོས་འཁྲི་འགན་རང་འཁུར་གྱིས་ཉི་ནུས་ཤེལ་ལེབ་ཀྱི་ཀ་བ་འཛུགས་གདན་འདིང་བའི་ལས་ཀ་ནུས་ཤུགས་ཡོད་རྒུས་བྱེད་བཞིན་ཡོད། རྣམ་གྲངས་ཚང་མ་ལེགས་གྲུབ་ཟིན་པ་དང་ཉི་ནུས་པང་ལེབ་3420དྲ་སྦྲེལ་འཁོར་སྐྱོད་བྱས་རྗེས་ཀྲའོ་ཝ་33.3གྱི་ཚ་པོ་བཟོ་བའི་ནུས་ཕྱོད་ཐོན་ཏེ་རྫོང་གྲོང་ཡོངས་སུ“ཉི་འོད་གློག་འདོན་བཟོ་གྲྭ”ཞིག་བསྐྲུན་པ་དང་གཅིག་མཚུངས་རེད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟངས་རི་རྫོང་དུ་ལོའི་ཆ་སྙོམས་ཉི་མ་བསྟན་པའི་དུས་ཚོད་ཆུ་ཚོད་2800ཟིན་གྱི་ཡོད་པས་ལས་གྲྭ་དེས་ནུས་རྒྱུ་གཙང་མའི་ལེགས་ཆ་ཆེ་ཤོས་སྔོག་འདོན་བྱ་རྒྱུ་དང་དྲོད་གསོག་རྫིང་བུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2.8སྒྲིག་སྦྱོར་བྱ་རྒྱུ་རེད། ཉི་འོད་ནུས་པའི་ལས་གྲྭ་ཆེ་གྲས་དེས་ཉིན་མོ་ཉི་འོད་ནུས་པའི་ཚ་ནུས་ཆ་ཚང་གསོག་ཉར་བྱས་ཏེ། ས་མཐོར་གནམ་འཐིབ་པའི་དུས་དང་མཚན་མོར་དྲོད་རླངས་མཁོ་འདོན་གྱི་ཞན་ཆ་རྦད་དེ་བསལ་ནས་ཉིན་མཚན་ཚང་མར་ཚ་དྲོད་མཁོ་འདོན་བརྟན་པོ་ཐུབ་རྒྱུ་རེད།

    སྤྱིའི་རིང་ཚད་སྤྱི་ལེ་13ལས་བརྒལ་བའི་དྲོད་རླངས་མཁོ་འདོན་སྦུག་དྲ་གང་སར་འཁྲིད་པ་དེ་ནི་གཡུ་འབྲུག་རིང་པོ་ཞིག་འཁྱུག་པ་ལྟར་རྫོང་གྲོང་ཡོངས་ཀྱི་ས་ཁོངས་ཁག་དང་འབྲེལ་ནས་ལེ་ལག་ཚང་བའི་ཚ་བརྗེས་ས་ཚིགས་5སྡེབ་སྒྲིག་བྱས་ཏེ་ས་ཁོངས་ཡོངས་ལ་ཁྱབ་པ་དང་གྲོང་རྡལ་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་ཚ་ཤུགས་དྲ་བ་ཞིག་གྲུབ་ཡོད།

    ཟངས་རི་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་ཀྱིས། ཟངས་རི་རྫོང་གི་ཉི་འོད་ནུས་པའི་དྲོད་རླངས་མཁོ་འདོན་ལས་གྲྭ་དེ་དྲོད་རླངས་མཁོ་འདོན་སྒྲིག་ཆས་རྐྱང་པའི་འཛུགས་སྐྲུན་ཁྱབ་ཁོངས་ནས་བརྒལ་བ་དེ་ནི་དམངས་འཚོའི་རིན་ཐང་དང་སྐྱེ་ཁམས་ཀྱི་རིན་ཐང་གཉིས་ཀ་ལྡན་པའི་ལས་གྲྭ་ཞིག་རེད། “དེ་ནི་དྲོད་རླངས་མཁོ་འདོན་ལས་གྲྭ་ཞིག་ཡིན་པ་མ་ཟད། སྐྱེ་ཁམས་ལས་གྲྭ་དང་དམངས་སེམས་ལས་གྲྭ་ཞིག་དེ་བས་རེད” སྲོལ་རྒྱུན་གྱི་རྡོ་སོལ་དང་གློག་ཤུགས་ཀྱི་དྲོད་གཏོང་སྟངས་དང་བསྡུར་ན་ཉི་འོད་ནུས་པའི་དྲོད་རླངས་མཁོ་འདོན་ཐད་ཐཱན་ཕྱིར་འབུད་བྱེད་མི་དགོས་པ་མ་ཟད། འཁོར་སྐྱོད་མ་གནས་ཀྱང་དེ་བས་དམའ་བ་དང་ལྗང་མདོག་ཐཱན་ཉུང་གི་ལེགས་ཆ་མངོན་གསལ་དོད་པ་དང་ཆབས་ཅིག སློབ་གྲྭ་དང་། སྨན་ཁང་། སྲིད་དོན་ལྟེ་གནས། ལས་བྱེད་པ་དང་ལས་བཟོའི་སྡོད་ཁང་སོགས་གཙོ་གནད་ས་ཁོངས་ཚང་མར་གཅིག་སྡུད་དྲོད་རླངས་མཁོ་འདོན་དྲ་རྒྱ་འབྲེལ་མཐུད་ཐུབ་ནས་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཏེ་རྫོང་ཡོངས་ཀྱི་དགུན་དུས་ཁང་པའི་ནང་གྲང་ངར་ཆེ་བའི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་ཐུབ་ནས་ནུས་རྒྱུ་གཙང་མའི་དྲོད་རླངས་ཀྱིས་ས་མཐོའི་རྫོང་གྲོང་ཆུང་ངུ་དེ་དྲོ་སོབ་སོབ་ཏུ་འགྱུར་བར་བྱ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།