དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཐེག་ཚད་ཏུན་2150ནས་ཏུན་2880བར་གྱི་ཚད་བརྒལ་ཆེན་པོ་བྱུང་བ།

    དམངས་ཀྱི་རེ་འདུན་གྲུབ། རྒྱུགས་ལན་བཟང་པོ་ཕུལ།


  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-09

    ཆི་སེན་ལིན་གྱིས་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུར་མེ་འཁོར་བཏང་ནས་ལོ་20སོང་ཡོད།

    ཁོང་གི་ཡིད་ལ་གསལ་པོར་དྲན་པ་སྟེ། 2006ལོར་གདང་ལ་རྒྱག་སྐབས་ཁོང་གིས་བཏང་བའི་མེ་འཁོར་ལ་འཁོར་སྒྲོམ་20ལྷག་ཙམ་ཡོད་པ་དང་། ད་ཆ་ལམ་དེའི་སྟེང་ཁོང་དང་དགེ་ཕྲུག་ཚོས་གཏོང་བའི་མེ་འཁོར་ལ་འཁོར་སྒྲོམ་40ལྷག་ཙམ་ཡོད་པ་དེ་རེད།

    ས་མཐོར་མི་དང་མེ་འཁོར་གཉིས་པོར“ལ་དུག”ཕོག་པ།

    “ང་ཚོས་སྐབས་དེ་དུས་གསོ་རླུང་དམ་བི་ཁྱེར་ནས་འགྲོ་གི་ཡོད། འོན་ཀྱང་གདང་ལ་རྒྱག་སྐབས་སྡུག་རུས་གཏན་ནས་ཐུབ་ཀྱི་མི་འདུག” སྡུག་རུས་མི་ཐུབ་པ་མ་ཟད། མེ་འཁོར་ལའང“ལ་དུག”ཕོག་གི་ཡོད། “ང་ཚོས་མེ་འཁོར་མགྱོགས་པོ་མ་བཏང་བ་གཏན་ནས་མིན། དངོས་འབྲེལ་མགྱོགས་པོ་གཏོང་ཐུབ་ཀྱི་མི་འདུག”ཅེས་ཆི་སེན་ལིན་གྱིས་ཕྱིར་དྲན་བྱེད་བཞིན་བརྗོད།

    2005ལོར་ཆི་སེན་ལིན་ས་མཐོར་ཐེངས་དང་པོ་བསྐྱོད།

    ཁོང་གིས་DF4Bརྟགས་ཅན་གྱི་ནང་འབར་འཕྲུལ་འཁོར་བཏང་ནས་འཁོར་སྒྲོམ་20ལྷག་ཙམ་འདྲུད་པའི་ནང་འབྲས་དང་། གྲོ་ཞིབ། སྣུམ། རྡོ་སོལ་སོགས་གཞི་རྩའི་འཚོ་བའི་དངོས་ཟོག་བྱུར་བུར་བླུགས་ཡོད།

    གོར་ལྷ་དུམ་བུ་ནི་ས་བབ་མཐོ་ཞིང་གནམ་གཤིས་ཧ་ཅང་ཞན་པའི་དུམ་བུ་ཞིག་ཡིན་ཞིང་། ས་བབ་མཐོ་ཤོས་ཀྱི་གདང་ལར་སྨི་5072ཟིན་པ་དང་གསོ་རླུང་འདུས་ཚད་ཐང་གཤོངས་ཀྱི་ཕྱེད་ཀ་ཡང་ཟིན་གྱི་མེད་པས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40བར་སླེབས་ཀྱི་ཡོད།

    ཁ་ལོ་བའི་ངོས་ནས་བརྗོད་ན། གནམ་གཤིས་འཕྲོད་ཐབས་བྱེད་པ་ནི་དཀའ་ལས་ཁག་ཤོས་ཤིག་མིན།

    ལམ་ཐིག་ཧྲིལ་པོའི་བར་ཁྱད་ཆེ་ཤོས་20‰ཟིན་པ་དང་། གུག་ཆ་ཆུང་ཤོས་ལ་སྨི་800ལས་མེད་པ། ད་དུང་དུམ་བུ་ཁག་གཅིག་གི་གུག་ཆར་ཐ་ན་སྨི་600ལས་ཟིན་གྱི་མེད་པས་དེར་བརྟེན་ཁོང་ཚོར་ཚོད་བགམ་ཆེ་ཤོས་ནི་ལམ་ཐིག་ཧྲིལ་པོའི་ས་བབ་མཐོ་དམའི་འགྱུར་ལྡོག་ཆེན་པོ་དེ་རེད།

    ལམ་ངོས་གཟར་བའི་སྐབས་སུ་མེ་འཁོར་གཏོང་མཁན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཚོད་འཛིན་རན་པོ་བྱས་ཏེ་མྱུར་ཚད་ཚོད་འཛིན་ཐུབ་པའི་ཐོག་ནས་སྐྱོད་དགོས་པ་མ་ཟད། འཁོར་སྒྲོམ་ཁག་ལ་འཁྲུག་ཆེན་པོ་མི་ཡོང་བ་བྱེད་དགོས་ཀྱི་ཡོད།

    འོན་ཀྱང་ལྕགས་ལམ་ཤར་གཏོང་ཐུབ་མ་ཐག་ཡིན་པས་ལམ་ཐིག་གི་གནད་སྨིན་དཔྱད་གྲངས་ད་དུང་དོན་མེད། “མེ་འཁོར་གཏོང་མཁན་གྱིས་བརྡ་རྟགས་མ་ལག་དང་མིག་གཉིས་ལ་བརྟེན་ནས་བརྡར་ཤ་གཅོད་དགོས་ཀྱི་ཡོད”ཅེས་ཆི་སེན་ལིན་གྱིས་མྱོང་ཚོར་ཟབ་མོས་བརྗོད།

    DF4Bནི་སྐབས་དེ་དུས་རྒྱལ་ཡོངས་སུ་སྤྱོད་ཁྱོན་ཆེ་ཤོས་ཀྱི་ནང་འབར་འཕྲུལ་འཁོར་ཞིག་ཡིན་ཞིང་། དེ་ས་བབ་སྨི་5000ཟིན་པའི་ས་མཐོར་སྐྱོད་སྐབས་ནུས་ཚད་ཆན་ཝ་1985ནས་ཆན་ཝ་1200བར་ཆག་གི་ཡོད།

    DF4Bམེ་འཁོར་གྱི་འཐེན་ནུས་ཅུང་དམའ་བ་མ་ཟད། ས་མཐོར་སྤྱོད་ཉུང་དུ་ཕྱིན་ནས་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་ཤུགས་ཆུང་དུ་ཕྱིན་པ་སྟེ། ཟི་གོར་དུམ་བུར་ཏུན་4000འཐེན་ཐུབ་ནའང་གོར་ལྷ་དུམ་བུར་ཏུན་2000ལས་ཟིན་གྱི་མེད།

    2006ལོར་གོར་ལྷ་དུམ་བུ་ཤར་གཏོང་ཐུབ་སྐབས་NJ2བསྒར་བས་དངོས་ཟོག་སྐྱེལ་འདྲེན་ཏུན་2150ཐུབ་ཀྱི་ཡོད།

    མེ་འཁོར་དེར་བསྒར་བའི་GE7FDL16རྟགས་ཅན་གྱི་ཁྲའེ་ཡིའུ་སྣུམ་འཁོར་ཆེད་མངགས་ལེགས་བཅོས་བྱས་པ་བརྒྱུད། གདང་ལའི་ལ་ཁར་སྔར་བཞིན་ནུས་ཚད་ཆན་ཝ་2700ལྷག་ཙམ་ཟིན་གྱི་ཡོད།

    གནད་དོན་དེ་གནས་སྐབས་ཐག་གཅོད་ཐུབ་ཡོད།

    སྐྱེལ་འདྲེན་བྱེད་ཤུགས་སྙོམས་སྒྲིག་བྱེད་པ་ནི་སྟབས་བདེ་བའི་གྲངས་ཀ་བརྗེ་སྣོན་བྱས་པ་ཙམ་ཞིག་མིན།

    ལྕགས་ལམ་ཤར་གཏོང་ཐུབ་ནས་ཡུན་རིང་མ་སོང་བར་སྐྱེལ་འདྲེན་བྱེད་ཤུགས་ཀྱང་ཆེ་རུ་ཤུགས་ཆེན་ཕྱིན་པ་དང་། མེ་འཁོར་ཤར་གཏོང་ཐུབ་མ་ཐག་ཏུ་བོད་ནས་འགྲོ་འོང་བྱེད་མཁན་འགྲུལ་པའི་གྲངས་འབོར་སྔོན་དཔག་ལས་བརྒལ་ཡོད།

    ཨ་མདོ་རྫོང་སྲང་ཁར་སྒང་གྲོང་ཚོའི་འབྲོག་པ་ཐར་རྒོད་ཀྱིས“དེ་སྔ་ལྷ་སར་སྨན་པ་བསྟེན་པར་རླངས་འཁོར་ལ་ཉིན་ཁ་ཤས་བསྡད་ནས་འགྲོ་དགོས་ཀྱི་ཡོད། ད་ཆ་མེ་འཁོར་ལ་བསྡད་ཚེ་ཉིན་གཅིག་ལས་འགོར་གྱི་མེད་ལ་ལམ་ཡང་ཡག་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    མཚོ་བོད་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ལྷ་སའི་ཟོག་རར་དངོས་ཟོག་ཇེ་མང་དུ་འགྲོ་གི་ཡོད་ལ། འདོན་འཇུག་ལམ་ཐིག་4ལས་མེད་པས་ཉུང་དྲགས་ཐག་ཆོད་ཡོད།

    ཕྱོགས་གཉིས་པོའི་མི་རྣམས་ཀྱིས་སྐྱེལ་འདྲེན་ནུས་པར་རེ་བ་དེ་བས་ཆེ་བ་བཏོན་ཡོད།

    གནོན་ཤུགས་ཆེན་པོ་འཕྲད་སྐབས། 2008ལོར་གོར་ལྷ་དུམ་བུའི་འགྲུལ་སྐྱེལ་མེ་འཁོར་གྱིས་འཁོར་གཉིས་འདྲུད་འཐེན་སྤྱོད་འགོ་ཚུགས་པས་ཟོག་འདྲེན་མེ་འཁོར་གྱི་འདྲུད་འཐེན་ལྗིད་ཚད་ཏུན་2500བར་འཕར་ཡོད།

    གོར་མོ་མེ་འཁོར་ལས་ཚུགས་ཀྱི་ཏོན་ཀྲང་གཞོན་པ་ཁྲེང་ཙེང་ཀོང་གིས། སྒྱུར་བཀོད་བྱས་རྗེས་ཉིན་རེར་ཆ་སྙོམས་མེ་འཁོར་ཆ་9ནས་13བར་ཤར་གཏོང་ཐུབ་པ་དང་། སྒྱུར་བཀོད་བྱས་པའི་མེ་འཁོར་འབབ་ཚུགས་ཀྱི་འབྱོར་ཐོན་ལམ་ཐིག་ཀྱང་སྨི་850བར་གཅིག་གྱུར་ཐོག་རིང་དུ་བཏང་བས། འཁོར་སྒྲོམ་40ལྷག་ཙམ་ཡོད་པའི་བང་སྒྲིག་མེ་འཁོར་འཇོག་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    ད་ཆ་མཚོ་བོད་ས་མཐོའི་ནང་འབར་འཕྲུལ་འཁོར་གྱི་སྐྱེལ་འདྲེན་ནུས་ཤུགས་ཆེ་ཤོས་སུ་འཕྲུལ་གཉིས་ཀྱི་འཐེན་ནུས་ཏུན་2880ཟིན་གྱི་ཡོད།

    འཐེན་ཤུགས་ཀྱི་འགྱུར་ལྡོག་ལས་གངས་ལྗོངས་འདི་ཉིད་མདུན་ཕྱོགས་སུ་སྐྱོད་བཞིན་པ་མཚོན།

    ཟོག་རར་སྔར་བཞིན་དངོས་ཟོག་བྱུར་བུར་བླུགས་ཡོད་ལ། བོད་ནས་འགྲོ་འོང་བྱེད་མཁན་འགྲུལ་རྒྱུན་ཡང་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད།

    མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་དངོས་ཟོག་ཀྱང་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚོ་བའི་མཁོ་ཆས་ནས་ངར་ལྕགས་དང་རླངས་འཁོར་སོགས་རིན་ཐང་མཐོ་བའི་དངོས་ཟོག་རིགས་སུ་རྒྱ་སྐྱེད་ཕྱིན་པས། སྐྱེལ་འདྲེན་ནུས་ཤུགས་ཀྱི་དགོས་མཁོ་ཆེན་པོ་ཡོད་པ་མ་ཟད། ནང་འབར་འཕྲུལ་འཁོར་གྱི་མི་མངོན་པའི་ནུས་པའང་གང་ལེགས་མངོན་ཡོད།

    ཆི་སེན་ལིན་གྱིས་2015ལོར་གློག་ཤུགས་མེ་འཁོར་གྱི་ཁ་ལོ་བའི་ཐོབ་ཐང་ལག་ཁྱེར་བླངས་ཏེ་རྗེས་སུ་མེ་འཁོར་དེ་རིགས་གཏོང་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

    “ངས་གློག་རླངས་ཅན་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། དེར་སྣུམ་སྙིགས་མེད་པ་དང་། འཛེར་སྒྲ་ཆུང་བ། མྱུར་ཚད་མགྱོགས་ལ་བཀོལ་སྤྱོད་ཀྱང་བྱེད་བདེ་པོ་ཡོད”ཅེས་ཆི་སེན་ལིན་གྱིས་བརྗོད།

    “གློག་རླངས་ཅན་གྱི་སྒྱུར་བཀོད་བྱས་རྗེས། ཟོག་འདྲེན་མེ་འཁོར་གྱེན་ལམ་དུ་སྐྱོད་པའི་མྱུར་ཚད་ལྡབ་2ཙམ་མགྱོགས་སུ་འགྲོ་རྒྱུ་དང་། སྐབས་དེར་འཁོར་སྐྱོད་དུས་ཚོད་ཐུང་དུ་ཤུགས་ཆེན་འགྲོ་རྒྱུ་མ་ཟད། ཏུན་གྲངས་ཐེག་ཚད་ག་ཚོད་ཡོད་ཀྱང་སྣང་དག་མེད། སྐབས་དེར་དངོས་ཟོག་མང་འདྲེན་མྱུར་འབྱོར་ཐུབ་ནས། བོད་ཀྱི་མི་སེར་ཚོར་དངོས་ཟོག་མྱུར་དུ་ལག་འབྱོར་ཐུབ་ལ། བོད་ཀྱི་དངོས་ཟོག་ཡག་པོ་དེ་བས་མང་བ་བོད་ནས་སྔ་ཙམ་ཐོན་ཐུབ”ཅེས་མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སི་འཕྲུལ་གཉེར་པུའུ་བཀོལ་སྤྱོད་ཁོའོ་ཡི་ཁོའོ་ཀྲང་ཀན་ཚའེ་ཧྥ་ཡིས་གདེང་ཚོད་ཆེན་པོས་བརྗོད།

    དོན་དངོས་ཐོག“ནང་འབར་དུས་རབས”ནས“གློག་ཤུགས་དུས་རབས”བར་གྱི་མཆོང་སྐྱོད་འགྲོ་འགོ་ཚུགས་ཡོད།

    2014ལོར་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་ཆོག་མཆན་ཐོབ་ནས་གློག་རླངས་ཅན་གྱི་ཚད་གཞི་ཁ་གསལ་བཟོས་པ་དང་། 2021ལོའི་ཟླ་6པར་ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་། བསྐྱར་དར་རྟགས་ཅན་གྱི་ནུས་ཁུངས་གཉིས་ཀྱི་ཤུགས་འགྲེམས་མེ་འཁོར་དུས་དེ་ནས་བཟུང་གངས་ལྗོངས་ས་མཐོར་བྱ་འཕུར་བ་ལྟར་བསྐྱོད་ཡོད།

    འཐེན་ནུས་ཀྱི་གཞི་གྲངས་ལ་བལྟས་ན། བོད་ནས་དངོས་ཟོག་དབོར་ཚད་2006ལོའི་ཏུན་ཁྲི་2.1ནས་2025ལོའི་ཏུན་ཁྲི་140.5བར་འཕར་ནས་ལོར་ཆ་སྙོམས་24.8%འཕར་ཡོད།

    སྔར་སོང་ལ་ཕྱིར་མིག་ལྟ་སྐབས། ཐོག་མར་DF4Bཡི་ས་མཐོར་སྐྱེལ་འདྲེན་ནུས་ཤུགས་ཞན་པ་ནས་NJ2ཆེད་མངགས་ས་མཐོར་སྤྱད་པའི་བར་དང་། དེ་ནས་ད་ཆ་NJ2ཀྱི་རྨང་གཞིའི་ཐོག་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་HXN3ཚང་མས་མ་འོངས་པའི་འཕེལ་རྒྱས་ཀྱི་ལམ་བུ་འདིང་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།