ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།
ཉེན་སེལ་རོགས་སྐྱོབ་དང་། རྨས་མ་སྐྱོབ་བཅོས། མང་ཚོགས་བཀོད་སྒྲིག་བཅས་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་ཡག་པོ་བྱས་ཏེ། གེགས་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོཌ་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།
ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཉེ་ཆར། ཀོང་ཤིས་དང་། ཧུའུ་པེ། ཀན་སུའུ་སོགས་སུ་དྲག་ཆར་བབས་པ་དང་ལྷགས་པ་ཆེ་བའི་གནམ་གཤིས་བསྟན་པས་ཆུ་མཛོད་ཀྱི་རགས་ཁ་ཤོར་བ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་བསྟུད་མར་ཐོན་ཏེ། མི་སྣ་ཤི་རྨས་དང་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད། ཉེན་སེལ་རོགས་སྐྱོབ་དང་། རྨས་མ་སྐྱོབ་བཅོས། མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱས་ཏེ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་དང་ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔའི་འབྲུབ་འགོག་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཏན་འཁེལ་བྱས་པའི་བཀོད་སྒྲིག་དང་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། གེགས་འགོག་གེགས་སེལ་གྱི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། གཙང་པོ་དང་། ཆུ་བོ། མཚེའུ་བཅས་དང་། ཉེན་སྐྱོན་ཆུ་མཛོད། ས་གཤིས་གནོད་འཚེ་ཐོན་སླ་བའི་ཁུལ་སོགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་ཧུར་ཐག་བྱེད་པ། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་གྲ་སྒྲིག་ཤུགས་ཆེན་བྱེད་པ། གེགས་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ། ཉེ་ཆར་གནམ་གཤིས་ངན་པ་ཡང་ཡང་བསྟན་པས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གཞུང་ལས་ཁང་གིས་ས་གནས་ཁག་ལ་ཆར་ཆུ་དང་འབྲུབ་ཆུའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་པར་མཛུབ་ཁྲིད་བྱས་ཏེ། གནོད་འཚེའི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ། གནོད་འཚེའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ། འབྲུབ་འགོག་གེགས་སེལ་གྱི་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ནས། ཞོར་ཐོན་གནོད་འཚེ་ཚབས་ཆེན་ཐོན་རྒྱུ་གཏན་འགོག་བྱེད་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།