དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ལྕགས་ལམ་གྱི“གཙང་སྦྲ་འགན་ལེན་ལམ་ཐིག”ལ་བཅར་འདྲི་བྱས་པ།

    ས་མཐོའི་མེ་འཁོར་གཙང་སྦྲ་དོད། ཕྱོགས་བཞིའི་མགྲོན་པོ་འཛུམ་གྱིས་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-08

    འདི་ནི་ལས་དོན་པས་བཙོག་ཆུ་གཤོང་བཞིན་པ།

    མཚོ་བོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་དང་གཉེར་སྐྱོང་བྱས་ནས་ལོ་20སོང་རིང་། རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.04དང་དངོས་ཟོག་ཏུན་དུང་ཕྱུར་8.24སྐྱེལ་འདྲེན་བྱས་ཡོད་མོད། འོན་ཀྱང་འགྲུལ་པས་བཟོས་པའི་གད་སྙིགས་གང་དུ་འབྱོ་བ་དང་། འཁོར་སྒྲོམ་གྱི་བཙོག་ཆུ་ཐག་གཅོད་ཇི་ལྟར་བྱེད་པ། མེ་འཁོར་སྒུག་ཁང་གི་དྲོད་རླངས་དང་གཙང་སྦྲ་སོགས་ཀྱི་ཐད་དོ་སྣང་བྱེད་མཁན་ཉུང་ཉུང་རེད།

    མེ་འཁོར་ཤར་གཏོང་ཐུབ་མ་ཐག་མཚོ་བོད་ལྕགས་ལམ་གྱིས་སྒྲིག་སྲོལ་ནན་པོ་ཞིག་བཟོས་པ་སྟེ། མེ་འཁོར་འཁོར་སྐྱོད་བྱེད་པའི་ལམ་བར་དུ་ས་མཐོར་བཙོག་ཆུ་ཐིགས་པ་གཅིག་དང་གད་སྙིགས་ཕྲན་བུ་ཡང་འབྱོ་མི་རུང་བ་དེ་ནི་ལག་རྩལ་གྱི་ཚད་གཞི་ཞིག་རེད་ལ་ཁས་ལེན་དམ་བཅའ་ཞིག་དེ་བས་ཀྱང་རེད།

    ལོ་20ཡི་རིང་། དཔུང་ཁག་གཅིག་རྗེས་གཉིས་མཐུད་ཀྱིས་འགྲུལ་པས་སྣང་བ་མེད་པའི་སར་ཉིན་ཐོག་ཉིན་བརྩེགས་ཀྱིས་བརྟན་སྲུང་བྱས་ཏེ་མཁའ་ལམ་ཐོག་འགྲུལ་པ་མང་དུ་ཕྱིན་ཡང་ཐོག་མཐའ་བར་གསུམ་དུ་གཙང་སྦྲ་དོད་པ་ཞིག་ཡོང་བར་བྱས་ཡོད།

    འགན་འཁྲི་ལྕི་པོ།

    “ང་ཚོས་ཉིན་ལྟར་བོད་སྐྱོད་མེ་འཁོར་ཐེངས་10ཡི་གད་སྙིགས་གཙང་སེལ་བྱེད་ཀྱི་ཡོད། མེ་འཁོར་གཏོང་ཐེངས་རེར་གད་སྙིགས་ཏུན་1ཙམ་ཐོན་པ་དེ་ལོ་20ཡི་གོང་གི་ལྡབ་2རེད། ཉི་འོད་འོག་མཚོ་སྔོན་མཚོ་བོད་ལྕགས་ལམ་ཞབས་ཞུ་ཚད་ཡོད་ཀུང་སི་ལྷ་ས་ཡན་ལག་ཀུང་སིའི་གཙང་སེལ་པན་གྱི་ལས་དཔོན་ཀྲའོ་ཝུའེ་ཡིས་ལས་རོགས་ཁྲིད་དེ་མེ་འཁོར་གྱི་ཞབས་ཞུ་བས་གཅིག་བསྡུས་བྱས་པའི་གད་སྙིགས་གཙང་སེལ་རླངས་འཁོར་ནང་དབོར་བ་རེད།

    ལས་ཀ་དེ་སྟབས་བདེ་ཞིག་ཏུ་སྣང་ཡང་རྟག་ཏུ་བླུགས་སྣོད་གད་སྙིགས་མཁྲེགས་པོས་རྟོལ་གྱི་ཡོད། གནས་ཚུལ་དེ་རིགས་འཕྲད་རིམ་བཞིན་ཀྲའོ་ཝུའེ་ཡིས་གྲ་སྒྲིག་བྱས་པའི་བླུགས་སྣོད་བཏོན་ནས་དུས་ཐོག་ཏུ་བརྗེ་བ་དང་། དེ་རྗེས་འཁོར་སྒྲོམ་གཙང་སེལ་བྱས་རྗེས་གད་སྙིགས་རླངས་འཁོར་ནང་བླུགས་ནས་དབོར་འགྲོ་གི་ཡོད།

    མེ་འཁོར་གྱི་གད་སྙིགས་དབོར་འདྲེན་བྱེད་སྐབས་མེ་འཁོར་ནས་འབེབས་པ་ནས་བར་བརྒྱུད་ས་ཚིགས་སུ་དབོར་བའི་བར་དང་། དེ་ནས་ལྷ་ས་གྲོང་ཁྱེར་འཚོ་བའི་གད་སྙིགས་མེར་སྲེག་གཏོང་སར་དབོར་བའི་བར་ལམ་ཐག་ཧྲིལ་པོར་ཆུ་ཚོད་2ཙམ་འགོར་གྱི་ཡོད།

    གཡུ་རྒྱལ་དང་བཀྲ་ཤིས་རྡོ་རྗེ་ནི་ཚོགས་པའི་ནང་གི་ལས་མི་རྒན་གྲས་གཉིས་ཡིན་ཞིང་། ཁོང་གཉིས་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པ་ནི་གད་སྙིགས་གཙང་སེལ་གྱི་ལས་ཀ་བཙོག་པ་དེ་མིན་པར། རླངས་འཁོར་སྔོན་མ་དེའི་གད་སྙིགས་འབེབས་བཞིན་པའི་སྐབས་སུ་རླངས་འཁོར་རྗེས་མ་འཛུལ་ཡོང་བའི་ཛ་དྲག་གི་དུས་ཚོད་དེ་རེད། གང་ལགས་ཤེ་ན། མགྱོགས་པོ་གཙང་མ་བཟོས་མ་ཚར་ན་རླངས་འཁོར་མང་པོ་སྒུག་ནས་སྡོད་དགོས་ཀྱི་ཡོད།

    གད་སྙིགས་མཐའ་མ་དེ་བསྐྱལ་རྗེས་གཡུ་རྒྱལ་གྱིས་རླངས་འཁོར་བཏང་ནས་གད་སྙིགས་བར་བརྒྱུད་ས་ཚིགས་སུ་གད་སྙིགས་མནོན་བཙིར་བྱེད་པར་སྐྱོད་ཀྱི་ཡོད། གད་སྙིགས་ཀྱི་སྐོར་གླེང་སྐབས། ཁོང་གིས་གསར་འགོད་པར“མེ་འཁོར་ཤར་གཏོང་ཐུབ་མ་ཐག་པའི་སྐབས་ཀྱི་གད་སྙིགས་གཙོ་བོ་ཤོག་སྙིགས་དང་། འགྱིག་ཤོག ཟས་ལྷག་བཅས་རེད། ད་ལྟ་མང་ཆེ་བ་ནི་ཤིང་ཏོག་གི་ཤུན་ལྤགས་དང་། ལྟོ་སྣོད། འདྲུད་ལྷམ་སྤྱོད་གཅིག་མ། རས་གདན་དང་ཕོ་ཁེབས་བཅས་རེད། འགྱུར་ལྡོག་འདི་དག་ལས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་གསལ་བཤད་ཐུབ་ཡོད”ཅེས་བརྗོད།

    གནས་ཚུལ་དེ་དག་གླེང་ཚར་རྗེས་བར་བརྒྱུད་ས་ཚིགས་སུ་འབྱོར། གཡུ་རྒྱལ་རླངས་འཁོར་ནས་བབས་ཏེ་གད་སྙིགས་བླུགས་སྣོད་ལ་བཅག་ཙམ་བཅག་ཙམ་བྱས་ཏེ“མ་གཞི་གད་སྙིགས་ཚང་མ་ཡག་པོ་བླུགས་ཡོད། འོན་ཀྱང་ཐག་གཅོད་བྱེད་པ་ནི་ལས་ཀ་ཞིབ་ཚགས་པོ་ཞིག་རེད”ཅེས་བརྗོད། ཁོང་གིས་དབྱར་དུས་སུ་ཁ་དམ་པོར་བརྒྱབ་པའི་འཁོར་སྒྲོམ་གྱི་རླུང་འགྲོ་ཡག་པོ་མེད་པས་གད་སྙིགས་རུལ་བའི་དྲི་ངད་སྣ་ལ་འཐུལ་སྐབས་ཁ་རས་གཉིས་བརྒྱབ་ཀྱང་འགོག་ཐུབ་ཀྱི་མེད། དགུན་དུས་སུ་ཆུ་མང་པོ་འདུས་པའི་བེད་མེད་དངོས་པོ་འཁྱགས་ནས་མཁྲེགས་པོ་ཆགས་ཀྱི་ཡོད་པས་ལྕགས་ཁྱེམ་གྱིས་བཅག་ཚེ་གཞི་ནས་དབོར་ཐུབ་ཙམ་ཡོད་ཅེས་བརྗོད།

    “ལས་ཀ་བྱེད་མཁན་ཡོད་དགོས། འོན་ཀྱང་མེ་འཁོར་ས་མཐོར་གཙང་སྦྲ་དོད་པོས་སྐྱོད་ཐུབ་པར་བྱེད་པ་ནི་ང་ཚོའི་རིན་ཐང་མངོན་ས་རེད”ལས་ཀ་དེ་རིགས་ཀྲོའུ་ཝུའེ་ཡིས་ལོ་5ལྷག་ཙམ་རྒྱུན་འཁྱོངས་བྱས་ཡོད།

    དུས་ཚོད་བརྩོན་ལེན།

    མཚོ་བོད་ལམ་ཐིག་ཐོག་ཡུལ་སྐོར་གྱི་བྱེད་རིང་ཐོན་པའི་འཚོ་བའི་བཙོག་ཆུ་དང་སྐྱག་གཅིན་ཐག་གཅོད་བྱེད་ནུས་ལྡན་པའི་འབབ་ཚུགས་ཟི་ལིང་དང་། གོར་མོ། ལྷ་ས་བཅས་གསུམ་ལས་མེད།

    གད་སྙིགས་གཙང་མ་བཟོ་བ་དང་བསྡུར་ན་བཙོག་དངོས་ཐག་གཅོད་བྱེད་ཤེས་མཁན་དེ་བས་ཉུང་ཉུང་རེད།

    བོད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་མེ་འཁོར་ཚང་མར་དམ་སྦྱར་གྱི་བཙོག་དངོས་གཅིག་སྡུད་མ་ལག་སྒྲིག་སྦྱོར་བྱས་ཏེ་བཙོག་དངོས་ཚང་མ་བསགས་ནས་དམིགས་འཛུགས་ས་ཚིགས་སུ་འབྱོར་སྐབས་ས་ངོས་སུ་ཐག་གཅོད་བྱེད་ཀྱི་ཡོད། དེ་དག་གཤོང་མཁན་ཆེད་སྒྲུབ་ཚོགས་པ་ཞིག་ཡོད་ཅིང་། གོར་མོའི་བཅོས་སྒྲིག་པན་གྱི་ལས་དཔོན་ཧོ་ཅན་མིང་ནི་དེའི་གྲས་ཤིག་རེད།

    མེ་འཁོར་གོར་མོ་འབབ་ཚུགས་སུ་སྐར་མ་25ཁ་བཀག་གི་ཡོད་པས། ཆུ་འདྲེན་པ་དང་། བཙོག་ཆུ་གཤོང་བ། གད་སྙིགས་གཙང་སེལ་བྱེད་པ་བཅས་ངེས་པར་དུ་དུས་ཚོད་དེའི་ནང་སྒྲུབ་དགོས་ཀྱི་ཡོད།

    ཧོ་ཅན་མིང་གིས་དྲན་གསལ་ལ། ཐོག་མའི་སྐབས་སུ་བཙོག་ཆུ་གཤོང་བར་རྦད་དེ་སྒུལ་བདེའི་གཤེར་འདྲེན་རླངས་འཁོར་ལ་བརྟེན་དགོས་པས། ཡུལ་སྐོར་བ་མང་དུས་སུ་རྟག་ཏུ་འཁོར་རྒྱུག་ཡག་པོ་མ་བྱུང་བའི་གནས་ཚུལ་ཐོན་ཏེ་ཚང་མར་སེམས་ཁྲལ་ཆེན་པོ་བཟོ་གི་ཡོད།

    2018ལོར་གོར་མོ་འབབ་ཚུགས་ཀྱིས་མེ་འཁོར་ཁ་བཀག་ལམ་གྱི་ས་ངོས་བཙོག་ཆུ་གཙང་སེལ་སྒྲིག་ཆས་སྤྱོད་འགོ་ཚུགས་ནས། བཙོག་ཆུ་མདོང་ལམ་ནས་ཐད་ཀར་འབུད་པ་དང་། བཙོག་ཆུ་གཙང་སེལ་བྱེད་ཐེངས་རེར་སྐར་མ་གཅིག་ལས་འགོར་གྱི་མེད་པས་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།

    གོར་མོ་འབབ་ཚུགས་དང་མི་འདྲ་བར་ལྷ་སའི་མཛོད་ཁང་དུ་བཙོག་ཆུ་གཤོང་སྐབས་སྐར་མ་25ཡི་ནང་ཚར་བ་བྱེད་དགོས་མེད་ཀྱང་བཙོག་ཆུ་གཤོང་བ་དང་། ཆུ་འདྲེན་པ། གཙང་སྦྲ་བྱེད་པ། ཞིབ་བཤེར་ལེགས་བཅོས་བཅས་གཅིག་རྗེས་གཉིས་མཐུད་ངང་བྱེད་དགོས་ལ། བརྒྱུད་རིམ་དང་དུས་ཚོད་ཀྱང་བཀོད་སྒྲིག་ཚགས་ཚུད་པོ་བྱེད་དགོས་ཀྱི་ཡོད།

    ཀྲའོ་ཝུའེ་ཡི་ཚོགས་པས་གད་སྙིགས་གཙང་སེལ་བྱེད་པ་དང་ཆབས་ཅིག ཕྱི་ལས་གྲ་སྒྲིག་ཚོགས་ཆུང་གི་ལས་དཔོན་ཝུའེ་ཞའོ་མིང་དང་ལས་རོགས་ཚོས་ཀྱང་མེ་འཁོར་ཁ་བཀག་ལམ་གྱི་བཙོག་ཆུ་གཤོང་གི་ཡོད་ཅིང་། མེ་འཁོར་གྱི་གཡས་ངོས་ནས་བཙོག་ཆུ་གཤོང་བ་དང་གཡོན་ངོས་ནས་ཆུ་འཐེན་རྒྱུ་དུས་མཉམ་དུ་བྱེད་ཀྱི་ཡོད།

    “ལོ་དེ་དག་རིང་། རྫབ་བཤངས་རླངས་འཁོར་གྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་2ནས་སྨི་རྒྱ་དཔངས་གྲུ་བཞི་3.83བར་མང་དུ་ཕྱིན་ནས་ལས་ཕྱོད་ལྡབ་2ཆེ་རུ་ཕྱིན་ཡོད”ཅེས་སྟོང་སྐད་ཐོས་པ་དང་སྦྲགས་ཝུའེ་ཞའོ་མིང་གིས་ལས་རོགས་ལ་རྫབ་ཁུང་བརྗེ་རྒྱུའི་བརྡ་གཏོང་བཞིན་དུ“བཙོག་ཆུ་བཙོག་འབུད་ས་ཚིགས་སུ་དྭངས་བསིང་བྱས་རྗེས་སླར་ཡང་གཅིག་གྱུར་ཐོག་བཙོག་ཆུ་གཙང་གསིང་བཟོ་གྲྭར་བསྐྱལ་ནས་ཐིགས་པ་གཅིག་ཀྱང་མ་ལུས་པ་བྱེད་ཀྱི་ཡོད”ཅེས་བརྗོད།

    ལོ་20ཡི་རིང་མཁའ་ལམ་དུ་སྐྱོད་མཁན་མེ་འཁོར་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་ཡོད། ཡུལ་སྐོར་བས་མི་མཐོང་བའི་འབབ་ཚུགས་དང་ཁ་བཀག་ལམ་སོགས་སུ“ཝུའེ་ཞའོ་མིང”ལྟ་བུའི་ལས་དོན་པ་ཚོས་མེ་འཁོར་ཚང་མའི་བཙོག་ཆུ་འདྲེན་པ་དང་གཙང་སེལ་བྱས་ཏེ་གཙང་ཞིང་གྲལ་འགྲིག་པའི་ཁོར་ཡུག་ཅིག་སྐྲུན་གྱི་ཡོད།

    ནུས་རྒྱུ“བསྐྱར་སྤྱོད”

    མཚོ་བོད་ལྕགས་ལམ་གྱིས་ས་མཐོའི་སྐྱེ་ཁམས་ལ་ཁས་ལེན་བྱས་པ་དེ་བཙོག་ཆུ་དང་གད་སྙིགས“འབུད་གཏོང་རྩ་བ་ནས་མི་བྱེད་པའི”ཐད་ནས་མཚོན་པ་མ་ཟད། ནུས་རྒྱུའི་གྲུབ་ཆའི་ལྗང་མདོག་སྒྱུར་བཅོས་ཁྲོད་ནས་དེ་བས་ཀྱང་གསལ་པོར་མངོན་ཡོད།

    ལག་རྩལ་རིམ་སྤོར་བྱས་པ་དང་བསྟུན་ནས་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་རྡོ་སོལ་སྒྲིག་བཀོད་མང་ཆེ་བ་རིམ་བཞིན་ནུས་རྒྱུ་གཙང་མར་བསྒྱུར་ནས་རྡོ་སོལ་སྤྱོད་ཚད་86%ཆག་པས་ཐཱན་འབུད་ཚད་ཤུགས་ཆེན་ཆག་ཡོད།

    དགུན་དུས་ཀྱི་གོར་མོ་འབབ་ཚུགས་སུ་གྲང་ངར་ཧ་ཅང་ཆེ་བས་ཕྱི་རོལ་དུ་ཆུ་ཐིགས་ཟགས་ནའང་འཁྱགས་པ་ཐེབས་ཀྱི་ཡོད། འོན་ཀྱང་མེ་འཁོར་སྒུག་ཁང་དུ་དྲོ་སོབ་སོབ་ཅིག་ཡོད།

    དྲོ་སྐྱིད་དེའང་སྒུག་ཁང་ཟུར་གྱི་ལྷིང་འཇགས་སུ་གནས་པའི་ཁྲོ་ཐབ་ནས་འབྱུང་ཞིང་། གོར་མོའི་སྡོད་ཁང་འཛུགས་སྐྲུན་དང་འཚོ་བའི་རྒྱབ་ཕྱོགས་མཁོ་སྒྲུབ་དུམ་བུའི་མེ་འཁོར་འབབ་ཚུགས་ཀྱི་ཁྲོ་ཐབ་བཟོ་ཁུལ་གྱི་ལས་དཔོན་ཞུས་ཅུན་ཧྲོའེ་1992ལོར་ལས་ཀར་ཞུགས་པ་དང་ལོ་30ལྷག་ཙམ་རིང་རྡོ་སོལ་དང་སོལ་རླངས་གཉིས་ཀ་སྤྱོད་མྱོང་ཡོད།

    ཁོང་གིས་འདྲ་པར་རྙིང་པར་ལྟ་བཞིན་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་ཡོད།

    སྐབས་དེར་མེ་འཁོར་འབབ་ཚུགས་ཀྱི་དྲོད་རླངས་མཁོ་འདོན་ཏུན་4ཡོད་པའི་རྡོ་སོལ་གྱི་ཐབ་གཉིས་ལ་བརྟེན་དགོས་ཀྱི་ཡོད། རྡོ་སོལ་ལྕགས་ཁྱེམ་རེ་རེ་བཞིན་ནང་དུ་འབུད་དགོས་ལ། ཐལ་བ་ཡང་ལྕགས་ཁྱེམ་རེ་རེ་བཞིན་ཕྱིར་འདོན་དགོས་པས། ལས་དོན་པ་ཚང་མ་ལས་ཐག་བཅད་རྗེས་ཀྱི་ལས་ཀ་དང་པོ་ནི་ངོ་གདོང་དང་གོས་འཁྲུ་རྒྱུ་དེ་རེད།

    ཞུས་ཅུན་ཧྲོའེ་ཡིས། 2005ལོར་གོར་མོ་འབབ་ཚུགས་དེ་རྡོ་སོལ་ནས་སོལ་རླངས་སུ་བསྒྱུར་བ་དང་། 2020ལོར་རང་བྱུང་སོལ་རླངས་ཀྱི་ཁྲོ་ཐབ་སུ་རིམ་སྤོར་བྱས་ཡོད་ལ། བཀོལ་སྤྱོད་བྱེད་སྟངས་ཀྱང་མི་ཐབས་ཁོ་ནར་བརྟེན་པ་ནས་རེག་ཤེལ་དུ་བསྒྱུར་བས། ལས་ཀའི་ཁོར་ཡུག་དེ་བས་གཙང་དུ་ཕྱིན་ཡོད་ཅེས་བརྗོད།

    ཐབ་ནང་གི་མེ་འབུད་སྟངས་བརྗེས་ཡོད་མོད། འོན་ཀྱང་མེ་གཏོང་མཁན་ཚོའི་སེམས་ནང་གི་མེ་དེ་ཐོག་མཐའ་བར་གསུམ་དུ་ཤི་མེད་པས། མེ་འཁོར་སྒུག་ཁང་ནས་ནམ་ཡང་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན་གྱི་ཡོད།

    ལྷ་ས་འབབ་ཚུགས་ཀྱི་ཕྱོགས་སྒྱུར་དེ་བས་སྔ་བ་ཡོད།

    2006ལོར་ལྷ་ས་འབབ་ཚུགས་ཀྱིས་ཁང་པའི་ཐོག་ཁའི་ཉི་ནུས་ཚ་འདུས་ཀྱི་ས་འོག་ཚ་ནུས་ཚོད་ལྟ་བྱས་མོད། འོན་ཀྱང་ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་བས་གནམ་འཐིབས་སྐབས་ད་དུང་ཁྲའེ་ཡིའུ་སྣུམ་གྱི་ཁྲོ་ཐབ་ཀྱིས་གསབ་དགོས་ཀྱི་ཡོད། 2018ལོར་ལྷ་ས་འབབ་ཚུགས་ཀྱིས་ཁྲའེ་ཡིའུ་སྣུམ་དེ་དེ་བས་དྭངས་གཙང་གི་རང་བྱུང་སོལ་རླངས་སུ་བསྒྱུར་བ་དང་། དེ་རྗེས་ས་དྲོད་འཐེན་ཆས་དང་མཁའ་རླུང་དྲོད་ལེན་འཐེན་ཆས་དེ་ལས་བཟོའི་དྲོད་ལེན་དང་ཆུ་ཚ་པོ་བཟོ་བའི་ཐད་སྤྱད་ཡོད།

    2025ལོར་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས་ལས་མངོན་པར། ལྗོངས་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.8%ཟིན་ནས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁོངས་གྲས་སུ་གྱུར་ཡོད།

    གྲུབ་འབྲས་དེ་དག་ནི་ཁོང་ཚོའི་བྱས་རྗེས་ལས་བྱུང་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།