དམངས་གཉེར་དཔལ་འབྱོར་གྱི་གར་སྟེགས་ཇེ་ཡངས་སུ་འགྲོ་བ།
ཐོན་སྐྱེད་བརྒྱུད་རིམ་མགྱོགས་པ་དང་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ། རླངས་འཁོར་ཚ་ལ་རྒྱག་པ་དང་སྒྲིག་སྦྱོར་བྱེད་སའི་ཐོན་སྐྱེད་བརྒྱུད་རིམ་ནས་ལྷུ་ལག་མང་པོ་ཐོན་སྐྱེད་བྱེད་བཞིན་ཡོད། ཀོང་ཏུང་གི་ཀོང་ཀྲོའུ་མིང་ལུའོ་མ་རྐང་ཚད་ཡོད་ཀུང་སིའི་གཉེར་སྐྱོང་ཡག་ལ་ཐོན་སྐྱེད་ཀྱི་ལས་བྲེལ་ཆེན་པོ་ཡོད་ཅིང་། ཐོན་སྐྱེད་ཀྱི་འཆར་གཞི་2027ལོའི་ཟླ་བ་5པའི་བར་བཀོད་སྒྲིག་བྱས་ཟིན་ཡོད།
2018ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དེར་རྟོག་ཞིབ་གནང་སྐབས“གསར་གཏོད་དང་ལས་གཏོད་བྱེད་པར་ཁེ་ལས་འབྲིང་ཆུང་དང་ཁ་འབྲལ་ཐབས་མེད། ང་ཚོས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བར་ཆ་རྐྱེན་དེ་བས་ལེགས་པ་གཏོད་དགོས”ཞེས་ནན་བཤད་གནང་ཡོད།
ཀུང་སིའི་འགན་འཁུར་བ་ཡའོ་ཝུའེ་པིང་གིས་གསར་འགོད་པར“སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེ་ང་ཚོ་དམངས་གཉེར་ཁེ་ལས་མཁས་ཅན་གྱི་སེམས་ལ་ཟུག་བྱུང” ཉེ་བའི་ལོ་ཤས་རིང་། སྲིད་གཞུང་སྡེ་ཚན་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ་དང་རྒྱབ་སྐྱོར་གང་ལེགས་བྱས་པས། ཁེ་ལས་འཕེལ་རྒྱས་ཡག་པོ་འགྲོ་བཞིན་ཡོད་ཅེས་བརྗོད།
2021ལོར། ཀུང་སིས་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་རྩིས་བྱས་མོད། འོན་ཀྱང་། བཟོ་ཁང་རང་སྐྲུན་ཐད་དཀའ་ངལ་འཕྲད་ཡོད། ཁེ་ལས་ཀྱི་རེ་ཞུ་ཤེས་རྟོགས་བྱུང་རྗེས་ཀོང་ཀྲོའུ་ཧོང་ཕུའུ་ཆུས་ཀྱིས་གསར་དུ་བསྐྲུན་པའི་ཐོན་ལས་གླིང་ཁུལ་དང་མཐུན་སྦྱོར་ཧུར་ཐག་བྱས། 2024ལོའི་ཟླ་10པར། གླིང་ཁུལ་སྤྱོད་འགོ་ཚུགས་རྗེས་ཀུང་སིས་བཟོ་ཁང་བོགས་མར་བླངས་པ་མ་ཟད། ད་དུང་ཐོན་རྫས་ཞིབ་སྤེལ་ཚོད་ལྟ་ལྟེ་གནས་ཀྱང་བཀོད་སྒྲིག་བྱས་སྟབས། ལག་རྩལ་གསར་གཏོད་ལ་དེ་བས་གདེང་ཚོད་ལྡན་པར་གྱུར།
ཀོང་ཀྲོའུ་གྲོང་ཁྱེར་གྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་སྒྱུར་ཞིབ་བཤེར་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་སྟེ། “ཕྱོགས་མང་པོས་ཞིབ་བཤེར་དང་ཞིབ་བཤེར་ཡང་ཡང”བྱེད་མི་དགོས་པ་བྱས་ཡོད། ཡུན་ཕུའུ་ཁྲོམ་གཞུང་གིས“དོན་མེད་སུན་པོ་མི་བཟོ་བ་དང་། རེ་ཞུར་བརྡ་ལན་སློག་པའི”ཁེ་ལས་ཀྱི་ཞབས་ཞུའི་ལམ་སྲོལ་བཙུགས་པ་དང་། ཀོང་ཀྲོའུ་གྲོང་ཁྱེར་གྱི་མིང་ཐོ་དཀར་པོའི་གཙོ་གནད་ཁེ་ལས་དང་ཟུང་འབྲེལ་བྱས་ཏེ། ལོ་ལྟར་མིང་ཐོའི་ནང་ཚུད་པའི་ཁེ་ལས་སུ“སྐྱོད་ཐེངས་གཅིག་ལ་དོན་དག་མང་པོ་ཞིབ་བཤེར”བྱེད་པའི་ལས་ཀའི་ལམ་སྲོལ་བཏོད་ཡོད།
རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་ཁུར་པོ་ཡང་དུ་བཏང་བས་མིང་ལུའོ་མ་རྐང་གིས་བློ་གཅིག་སེམས་གཅིག་ངང་ཁེ་ལས་གཉེར་ཐུབ་ཡོད། 2018ལོ་ནས་བཟུང་། ཀུང་སིའི་ཐོན་རྫས་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་ལ་བཙོངས་པ་དང་ལོའི་ཐོན་རྫས་རིན་ཐང་དང་ཕྱིར་ཚོང་དངུལ་འབོར་ཤུགས་ཆེན་འཕར་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ‘གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས’ དང‘འགྱུར་ལྡོག་མེད་པ་གསུམ’མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་ནང་མིར་བརྩི་དགོས”ཞེས་ནན་བཤད་གནང་ཡོད།
དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ཀའི་སྒྲིག་གཞི་བཀོད་སྒྲིག་བྱས་ནས་འཛུགས་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཡིག་ཆ་དངོས་སུ་བཏོན་ནས་ལག་ལེན་བསྟར་བ། ས་གནས་སུ་རྟོག་ཞིབ་གནང་རིང་དམངས་གཉེར་ཁེ་ལས་སུ་ཐེངས་མང་བསྐྱོད་པ་སོགས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་བས་མི་རྣམས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་ཡོད།
མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།
ཁོར་ཡུག་ལེགས་སུ་གཏོང་བ་དང་ཚད་གཞི་དམའ་རུ་བཏང་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་བར་མཐོངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་རེད།
2025ལོའི་ཟླ་11ཚེས་10ཉིན། 《དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་པར་དམངས་གཉེར་ཁེ་ལས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། “ང་ཚོས་དེ་མ་ཉིད་དུ་བྱེད་ཐབས་གལ་ཆེན་ཞིག་ལ་དོ་སྣང་བྱུང་ཞིང་། ‘ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱི་ཐོན་གྲངས་ཆོག་འཐུས་དང་འཕེན་གཏོང་གི་ཞིབ་མཆན་འགོད་པའི་བརྒྱུད་རིམ་ནང་དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་ལ་ལྟ་སྟངས་གཅིག་མཚུངས་འཛིན་དགོས’”ཞེས་པ་དེ་རེད་ཅེས་དབྱིན་ཧོ་འཇིག་རྟེན་འཕུར་སྐྱོད་ཀྱི་མཉམ་འབྲེལ་གསར་གཏོད་པ་ལིའུ་ཁྲང་གིས་བརྗོད་པ་དང་། ཁོང་གིས་བྱེད་ཐབས་དེ་མིག་སྔའི་གཉེར་སྐྱོང་བྱེད་རིང་འཕྲད་པའི་དམངས་གཉེར་ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་ལ་དམིགས་པ་དང་། དེས་གསར་གཏོད་ལག་རྩལ་ཚོད་ལྟ་ར་སྤྲོད་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་ནུས་ལྡན་ཐུབ་རྒྱུ་རེད་ཅེས་བཤད།
རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་འབྲེལ་བ་ཡོད་པའི་གཙོ་གནད་རྣམ་གྲངས་ཁྲོད་དུ་དམངས་གཉེར་ཁེ་ལས་ཀྱི་གཟུགས་བརྙན་ཇེ་མང་དུ་མངོན་བཞིན་ཡོད་པ་སྟེ། མྱུར་བགྲོད་ལྕགས་ལམ་གྱི་ཁྱབ་ཁོངས་ནས་བརྗོད་ན། དམངས་གཉེར་ཁེ་ལས་ཀྱིས་མ་རྩ་བཏང་བ་དང་མ་རྐང་ཚོད་འཛིན་བྱས་པའི་ཧང་ཀྲོའུ་ནས་ཧྲའོ་ཤིང་བརྒྱུད་ཐའེ་ཀྲོའུ་བར་དང་ཧང་ཀྲོའུ་ནས་ཅིན་ཧྭ་དང་ཐའེ་ཀྲོའུ་བརྒྱུད་དབུན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གཉིས་སྔ་རྗེས་སུ་བསྐྲུན་ནས་གཉེར་སྐྱོང་བྱེད་བཞིན་ཡོད་པ་དང་། ཉིང་གློག་ཁྱབ་ཁོངས་ནས་བརྗོད་ན། 2024ལོ་དང་2025ལོར་གསར་དུ་ཞིབ་མཆན་ཐོབ་པའི་ཉིང་གློག་གི་རྣམ་གྲངས་ཁྲོད་དུ་དམངས་གཉེར་ཁེ་ལས་20མ་རྐང་ནང་ཞུགས་པ་དང་། དམངས་ཀྱིས་མ་དངུལ་བཏང་བའི་བསྡུར་ཚད་དེ་10%ནས་20%བར་མཐོ་རུ་ཕྱིན་ཡོད། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་དོན་ཚན་རིམ་བཞིན་ཉུང་དུ་བཏང་བ་དང་། འགག་གནད་དང་དཀའ་གནད་ལ་དམིགས་པའི་བྱེད་ཐབས་མང་པོ་ཐད་ཀར་བཏོན་པ། དམངས་གཉེར་ཁེ་ལས་རྣམས་ཁྱབ་ཁོངས་དེ་བས་ཆེ་བར་ཞུགས་པ་དང་ཚོང་ལས་ཀྱི་གོ་སྐབས་དེ་བས་ཆེ་བ་ཐོབ་པར་རམ་འདེགས་བྱས་ཡོད།
རྒྱུན་དུ་སྤེལ་རེས་དང་དཀའ་གནད་བསལ་ནས་ཁེ་ལས་ཀྱི་རེ་ཞུ་དང་ལེན་གང་ལེགས་བྱས་པ།
2025ལོའི་ཟླ་9ཚེས་1ཉིན། གློག་སྒུལ་རྐང་འཁོར་གྱི་རྒྱལ་ཁབ་རིམ་པའི་ཚད་གཞི་གསར་པ་ལག་བསྟར་བྱས་པ་དང་། ཞ་སྐྱུར་གློག་གསོག་གློག་རྫས་སྤྱོད་པའི་གློག་སྒུལ་རྐང་འཁོར་ཧྲིལ་པོའི་སྤུས་ཚད་མཐོ་རུ་བཏང་ཡོད་པ་རེད། འགྱུར་ལྡོག་དེ་ནི་ཁེ་ལས་མཁས་ཅན་ཞིག་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དབར་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་སྐབས་བཏོན་པའི་རེ་ཞུ་ཞིག་རེད།
རེ་ཞུ་དང་ལེན་དང་ཕྱོགས་བསྡུས་བསམ་འཆར་བསྡུ་ལེན་བྱས་རྗེས་སྡེ་ཚན་མང་པོས་མཉམ་དུ་བྱ་སྤྱོད་སྤེལ་ཏེ། འབྲེལ་ཡོད་ཚད་གཞི་གང་མགྱོགས་བཟོ་བཅོས་རྒྱག་པར་སྐུལ་འདེད་བཏང་ཡོད། མིག་སྔར་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་འཕེལ་སྒྱུར་སྡེ་ཚན་དང་དམངས་གཉེར་ཁེ་ལས་དབར་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་སྤེལ་རེས་ལམ་སྲོལ་བཙུགས་ཡོད།
ཁྲིམས་སྐྱོང་དར་སྤེལ་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བས་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་ཁོར་ཡུག་དེ་བས་ལེགས་སུ་ཕྱིན་ཡོད།
2025ལོའི་ཟླ་5ཚེས་20ཉིན། དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་བྱས་པས། རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་ངར་སེམས་ཆེ་རུ་ཕྱིན་ཡོད། རྒྱུ་ནོར་བདག་དབང་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འབྲིང་ཆུང་གི་སྐུལ་སྤེལ་བཅའ་ཁྲིམས་དང《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་ཕུགས་ཕན་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་སོགས་ཁྲིམས་སྐྱོང་གི་རྩ་བ་བརྟན་པོ་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་ཡོད།
སྲིད་ཇུས་ལེགས་པ་དང་ཁེ་ལས་ཀྱིས་འབད་བརྩོན་བྱས་པས་དམངས་གཉེར་དཔལ་འབྱོར་རང་རྒྱལ་དུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། འདི་ལོའི་ཟླ་4པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་དམངས་གཉེར་ཁེ་ལས་ཁྲི་6102.2ཟིན་པ་དེ་དུས་མཚུངས་ལས་5.6%འཕར་བ་དང“གསར་པ་བཞིའི”དམངས་གཉེར་ཁེ་ལས་ཁྲི་2461.9ཟིན་པ་དེ་དུས་མཚུངས་ལས་6.9%འཕར་བ་དེས་དམངས་གཉེར་ཁེ་ལས་བསྡོམས་འབོར་གྱི་40.3%བཟུང་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པར”འབད་འཐབ་ཡར་བརྩོན་བྱེད་རིང་། ཐོག་མཐའ་བར་གསུམ་གྱི་སེམས་ཁུར་དང་རྒྱབ་སྐྱོར་འོག་དམངས་གཉེར་ཁེ་ལས་དེ་བས་རྒྱ་ཆེ་བའི་གར་སྟེགས་ཐོག་བསྐྱོད་རྒྱུ་རེད། “དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་བཅའ་ཁྲིམས་དོན་འཁྱོལ་བྱེད་པ་དང་། ལེ་ལག་ཚང་བའི་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ” “རྨང་གཞིའི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དམངས་གཉེར་ཁེ་ལས་ལ་དྲང་སྙོམས་ངང་སྒོ་མོ་འབྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ” “དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ”ལ་སོགས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་སྟངས”བཀོད་སྒྲིག་བྱེད་སྐབས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། “རྒྱལ་ཁབ་ཀྱིས་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ང་ཚོར་གདེང་ཚོད་ཆེན་པོ་ཡོད། ད་ཆ་དཔའ་རྩལ་གང་ལེགས་འདོན་པའི་དུས་ལ་སླེབས་ཡོད”ཅེས་ལིའུ་ཁྲང་གིས་བཤད།
འབྲེལ་ཡོད་གསར་འགྱུར།