དབྱར་འབྲུར་ལོ་བསྟུད་མར་ཐོན་འབབ་བརྟན་པོ་བྱུང་བ་དེ་ལས་སླ་པོ་ཞིག་ག་ལ་ཡིན།
ཀློག་པ་པོའི་གླེང་གཞི།
ཐུན་མོང་གི་དོ་ཁུར།
ཆུང་དུས་ནང་མིར་གྲོ་བསྡུ་རོགས་བྱེད་སྐབས་དཔུང་པ་ཉི་མས་འཚིགས་ཏེ་པགས་པ་བུད་པ་དང་གདོང་པ་རྔུལ་ཆུས་འཚོས་ཀྱི་ཡོད། ཕ་ཡུལ་གྱི་ཡུལ་མི་ཚོས་ད་ཆ་གྲོ་བསྡུ་རྒྱུ་ནི་ལས་སླ་པོ་ཡིན་ལུགས་བརྗོད་པ་གོ་ཐོས་བྱུང་ལ། ཉེ་ཆར་ད་ལོའི་དབྱར་འབྲུར་ཐོན་འབབ་ཡག་པོ་ཡོང་རྒྱུ་གཏན་འཁེལ་ཡིན་པའི་གསར་འགྱུར་ཡང་སྤེལ་འདུག དབྱར་འབྲུར་ལོ་བསྟུད་མར་ལོ་ལེགས་བྱུང་བ་ལས་འབྱུང་འགྱུར་འབྲུ་རིགས་ལ་སེམས་ཁྲལ་བྱེད་མི་དགོས་སམ།
—— མི་དམངས་དྲ་བའི་དྲ་གྲོགས།
དབྱར་འབྲུར་སླར་ཡང་ཐོན་འབབ་ཡག་པོ་བྱུང་བས་ཀློག་པ་པོ་མི་ཉུང་བ་ཞིག་ལ་དྲ་གྲོགས་དེ་དང་འདྲ་བའི་མྱོང་ཚོར་བྱུང་ཡོད། འབྲུ་རྡོག་གཅིག་ཀྱང་མ་ལུས་པ་མཛོད་དུ་བཅུག་ན་ཟ་འབྲུ་བརྟན་པོ་ཡོང་སྲིད་ཀྱང་། ཐོན་འབབ་ཡག་པོ་ཡོང་ངེས་ཡིན་པ་མཚོན་གྱི་མེད་པ་ཤེས་དགོས།
འབྲུ་རྡོག་རེ་རེ་བཞིན་ཞིང་ནང་ནས་གསོལ་ལྕོག་ཐོག་འབྱོར་བར་བྱེད་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན། དགུན་གྲོའི་ངོས་ནས་བརྗོད་ཚེ། བཏབ་ནས་བསྡུ་བའི་བར་ཉིན་200ལྷག་ཙམ་དགོས་པ་དང་། “དཔྱིད་གྲང་”དང་། ཐན་པ། ནད་དང་གནོད་འབུའི་གནོད་འཚེ་སོགས་འགག་སྒོ་མང་པོ་བརྒྱུད་དགོས། འགག་སྒོ་ཚང་མར་འགྱུར་ལྡོག་མང་པོ་འགྲོ་སྲིད་པས། ཞིང་པ་རྣམས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་ཆེན་པོ་བྱེད་དགོས་ཀྱི་ཡོད།
ད་ལོའི་དབྱར་འབྲུའི་ཐོན་སྐྱེད་ལ་འགལ་རྐྱེན་མང་པོ་འཕྲད་ཡོད། ན་ནིང་སྟོན་ཁའི་འདེབས་འཛུགས་ཀྱི་འགག་རྩའི་སྐབས་སུ་ཆར་པ་རྒྱུན་ཆད་མེད་པར་བབས་པས། འཐབ་ས་དང་པོའི་ལས་བྱེད་པ་དང་ཞིང་པ་རྣམས་ཀྱིས་མཉམ་དུ་ཐབས་ཤེས་བཏོན་ཏེ་འཁྱིལ་ཆུ་བཤངས་ནས་ཞིང་ཁ་བཏབ་ཡོད། འོན་ཀྱང་བཞའ་ཚན་ཆེ་དྲགས་པས་རྨ་ཆུ་དང་། ཧོའེ་ཧའེ ཧའེ་ཧོ་བཅས་ས་ཁུལ་དུ་འདེབས་འཛུགས་དུས་ཚོད་རྒྱུན་གཏན་ལས་ཉིན་20ནས་40བར་འགྱངས་པ་དང་། དགུན་གྲོ་མ་བཏབ་གོང་གི་ལྗང་པ་རིགས་དང་པོ་དང་གཉིས་པ་དུས་མཚུངས་ལས་43.8%ཉུང་དུ་ཕྱིན་པས། ཐོན་འབབ་ཡག་པོ་ཡོང་མིན་དེ་དང་ཐོག་ནས་ཚོད་དཔག་དཀའ་བ་ཞིག་ཏུ་གྱུར་ཡོད།
འབྲུ་རིགས་ཐོན་སྐྱེད་བྱ་རྒྱུ་ནི་རང་བྱུང་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་རིགས་ཤིག་ཡིན་པས། རང་བྱུང་གི་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད། འཛམ་གླིང་ཐོག་རང་བྱུང་གནོད་འཚེ་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་ཉེ་བའི་ལོ་5ཡི་རིང་། རང་རྒྱལ་གྱི་ལོ་རེའི་ཆ་སྙོམས་ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཕོག་ཁྱོན་མུའུ་དུང་ཕྱུར་1.5ལྷག་ཙམ་ཟིན་ཡོད།
ད་དུང་ཁྲོམ་རའི་ཉེན་ཁ་ཡོད་ཅིང་། ད་ལོའི་ལོ་འགོར་ས་འབྲེལ་ཆབ་སྲིད་གདོང་ཐུག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྒྱལ་སྤྱིའི་ཁྲོམ་རའི་རྫས་ལུད་ཀྱི་རིན་གོང་འཕར་ཆག་ཆེན་པོ་བྱུང་ནས་འབྲུ་རིཌ་ཐོན་སྐྱེད་དང་ནུས་རྒྱུའི་དབར་གྱི་གཅིག་སྦྲེལ་གྱི་འབྲེལ་བ་ཟབ་མོ་སླར་ཡང“གཙོ་གནད”ལ་གྱུར་ཡོད། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་མ་གནས་མཐོ་རུ་ཕྱིན་ཚེ། འབྲུ་རིགས་བཏབ་པའི་ཁེ་བཟང་ཉུང་དུ་སོང་ནས། ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།
རང་བྱུང་ཁམས་དང་འཐབ་རྩོད་བྱེད་པ་དང་ཁྲོམ་རའི་འགྲན་རྩོད་ནི་དུས་ཚིགས་རེ་རེའི་འབྲུ་རིགས་ཐོན་སྐྱེད་སྐབས་ཀྱི་དཀའ་གནད་རེད། དཀའ་ཚེགས་ཆེ་ཆུང་སྣ་ཚོགས་བརྒྱུད་མྱོང་མཁན་ཚོས་མ་གཏོགས་གཞན་གྱིས་ཞིབ་ཕྲའི་དཀའ་ངལ་ཤེས་པར་དཀའ་ཞིང་། ཚང་མས“དེ་ནི་ལས་སླ་པོར་བྱུང་བ་ཞིག་ཡིན་རེད་སྙམ་པའི”ཚོར་སྣང་ཡོང་དོན་ནི། ང་ཚོས་གོང་གི་བརྒྱུད་རིམ་དེ་དག་ཡག་པོ་བསྒྲུབས་པས་རེད།
ཞིང་ཕན་སྲིད་ཇུས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཅིང་། ད་ལོའི་དབྱར་འབྲུ་ཐོན་སྐྱེད་ཀྱི་འགོ་ཡག་པོ་འཛུགས་མ་ཐུབ་པར་གཞིགས་ཏེ་ཀྲུང་དབྱང་ནོར་སྲིད་ཀྱིས“གཅིག་གཏོར་གསུམ་འགོག”དང་ནད་དང་གནོད་འབུ་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་29.5སྔ་སྣུར་དུ་བཏང་ཞིང་། དགུན་གྲོའི་ལྗང་པ་ཡག་པོ་འཚར་རྒྱུར་རྒྱབ་སྐྱོར་བྱེད་པར་སྒོར་དུང་ཕྱུར་12.5འཕྲལ་དུ་བཀོད་སྒྲིག་བྱས་པ་དང་། ཞིང་ལས་དང་གྲོང་གསེབ་པུས་ལས་དོན་ཚོགས་ཆུང་དང་ཚན་རྩལ་ཡན་ལག་རུ་ཁག་37མངགས་པ་དང་ས་གནས་ཁག་གི་ཞིང་ལས་ལག་རྩལ་མི་སྣས་ལག་རྩལ་སྤྱད་ནས་ནུས་ཤུགས་ཡོད་རྒུས་ཕྱི་འདེབས་ལྗང་པའི་སྐྱེ་འཚར་གནས་ཚུལ་ལ་འགྱུར་ལྡོག་བཏང་ཡོད། སྡེ་ཚན་མང་པོས་ནུས་ཤུགས་ཡོད་རྒུས་རྫས་ལུད་མཁོ་སྤྲོད་འཁོར་འབྲེལ་ལ་དམིགས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ཚོང་ལས་གྲབས་གསོག་བྱས་པས་རྒྱལ་ནང་གི་རྫས་ལུད་ཁྲོམ་ར་བརྟན་པོ་ཡོང་བའི་འགན་ལེན་ཐུབ་ཡོད།
ཚན་རྩལ་གྱི་བྱ་ཐབས་ལ་བརྟེན་པས“རྩལ་བརྟེན་འབྲུ་གསོག”གི་ཕན་འབྲས་མངོན་གསལ་དོད་ཅིང་། ལོ་འདི་དག་རིང་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྔོག་འདོན་བྱས་པ་བརྒྱུད་ས་ཞིང་གཤིན་པོ་དང་། སོན་བཟང་། གོ་སྐབས་བཟང་པོ། ཐབས་བཟང་བཅས་ཀྱི་ཕན་འབྲས་གཅིག་སྡུད་ཐོག་ཐོན་པར་སྐུལ་འདེད་བཏང་བ་དང་། རིག་ལྡན་ཞིང་འཕྲུལ་ནས་ཆུ་ལུད་གནད་ལ་འཁེལ་བའི་ངང་བཀོད་སྒྲིག་བྱེད་པའི་བར་ཞིང་པར“གསེར་གྱི་ཕྲག་རྒྱུག”རག་པ་དང་གཉིས་སུ་མཆིས།
ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་ཀྱི་མུའུ་རེའི་ཐོན་འབབ་མང་དུ་གཏོང་བའི“རྨང་གཞི”བརྟན་དུ་ཕྱིན་ཡོད། ན་ནིང་མུའུ་རེའི་ཐོན་འབབ་མང་དུ་ཕྱིན་པ་དེས་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འཕར་ལ་ལེགས་སྐྱེས་90%ལྷག་ཙམ་ཕུལ་ཡོད།
རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ལེགས་ཆར་བརྟེན་ནས་གནོད་འཚེ་འགོག་པ་དང་ཐོན་འབབ་ཡོང་བར་གཏན་འཁེལ་རང་བཞིན་མཁོ་འདོན་བྱས་ཡོད། གྲོ་སྨིན་པ་དང་བསྟུན་ནས་མྱུར་བགྲོད་གཞུང་ལམ་ཨ་མའི་ཐོག་ཁུལ་སྒྲོལ་ལས་སྒྲུབ་སྣེ་ལེན་ཞབས་ཞུའི་ས་ཚིགས་3100ལྷག་ཙམ་དང་ཞིང་འཕྲུལ་སྔོན་ལ་གཏོང་བ་དང་གཟིགས་སྐྱོང་སྣུམ་སྣོན་གྱི་བགྲོད་ལམ་6900ལྷག་ཙམ་གྱིས་གྲོ་བསྡུ་བར་འགྲོ་མཁན་རྣམས་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ཡོད། རྒྱལ་ཡོངས་ཀྱི་གོང་འོག་ཚང་མ་བསམ་ཇུས་གཅིག་བྱས་ནས་ཕྱོགས་མང་པོའི་ཐོན་ཁུངས་དང་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་དུས་ཚིགས་རེ་རེའི་འབྲུ་རིགས་ཐོན་སྐྱེད་ལ་རྨང་གཞི་བཏིང་ཡོད།
མཐའ་འཁོར་ལ་བལྟས་ཚེ། འབྲུ་རིགས་བདེ་འཇགས་ཀྱི་ཉེན་ཁ་སྔར་བཞིན་ཡང་སེ་ཐོན་བཞིན་ཡོད་ཅིང་། ཕྱིར་གཏོང་རྒྱལ་ཁབ་དང་ས་ཁུལ་གཙོ་བོ་ཁག་གཅིག་གི་ཐོན་འབབ་ཉུང་དུ་ཕྱིན་པའི་ཤུགས་རྐྱེན་ཐེབས་ནས་སྔོན་དཔག་བྱས་ན་2026དང་2027ལོ་འཁོར་གྱི་གོ་ལ་ཧྲིལ་པོའི་གྲོའི་ཐོན་འབབ་3.8%ཆག་རྒྱུ་ཡིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི《འབྲུ་རིགས་ལ་རྒྱང་ལྟའི》སྙན་ཞུ་ལས་མངོན་པར། གནམ་གཤིས་ཀྱི་འགྱུར་ལྡོག་དང་གདོང་ཐུག་ལས་བྱུང་བའི་ནུས་རྒྱུ་དང་ལུད་ཀྱི་ཁྲོམ་རའི་འཕར་ཆག་དང་། ས་འབྲེལ་ཆབ་སྲིད་ཀྱི་ཛ་དྲག་དུས་བབ། ཚོང་དོན་སྲིད་ཇུས་ཀྱི་གཏན་འཁེལ་མེད་པའི་རང་བཞིན། དེ་བཞིན་དེ་བས་རྒྱ་ཁྱབ་ཀྱི་གཞི་ཆེན་དཔལ་འབྱོར་གྱི་འགོག་རྐྱེན་སོགས་ཀྱི་རྐྱེན་པས་ཁྲོམ་རའི་མདུན་ལམ་ལ་སྔར་བཞིན་ཚོད་འཛིན་ཆེན་པོ་ཐེབས་བཞིན་ཡོད།
ལྟོ་ཕོར་གྱི་གནད་དོན་ནི་དོན་ཆེན་ཨང་དང་པོ་དེ་རེད། “མི་གྲངས་དུང་ཕྱུར་14ཡི་ལྟོ་ཕོར་གནད་དོན”དེ་རང་ཉིད་ཁོ་ནས་མ་གཏོགས་གཞན་སུས་ཀྱང་ཐག་གཅོད་མི་ཐུབ། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་པའི་རྒྱབ་ལྗོངས་འོག་རྙོག་འཛིང་ཆེ་བའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པར་དུས་དང་རྣམ་པ་ཀུན་ཏུ་འབྲུ་རིགས་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཚེ། གཞི་ནས་ཀྲུང་གོ་བའི་ལྟོ་ཕོར་བརྟན་པོ་ཡོང་བ་དང་། ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ།
འབྲེལ་ཡོད་གསར་འགྱུར།