སི་ཁྲོན་གྱི“གངས་རི་དང་རྩྭ་ཐང”གི་མཆོང་སྐྱོད་གསར་པ།
གྱ་གྱུ་ལ་ཁ་བརྒལ་བའི་མྱུར་ཚད།
“གངས་རིར་འཛེགས་ཤིང་རྩྭ་ཐང་བརྒལ་བ”ནི་དམར་དམག་རྒྱང་སྐྱོད་སྐབས་ཀྱི་དཀའ་སྡུག་ཆེ་ཤོས་ཀྱི་བརྒྱུད་རིམ་ཞིག་ཡིན། རང་བྱུང་གི་ཆ་རྐྱེན་ཧ་ཅང་ཞན་པོའི་འོག་དད་མོས་ལ་བློ་དཀར་སེམས་དཀར་བྱེད་པའི་དམར་དམག་འཐབ་འཛིང་པ་ཚོའི་དཔའ་བོའི་བློ་སྤོབས་སྔར་བས་འཕེལ་ནས། དཀའ་ངལ་ཡོད་དོ་ཅོག་ཁྱད་བསད་བྱེད་པ་ལས་དཀའ་ངལ་གང་འདྲ་ཞིག་ལ་ཡང་མགོ་སྒུར་མྱོང་མེད་པ་རེད། ཁྲོན་ནུབ་ཀྱི“གངས་རི་དང་རྩྭ་ཐང”ནི་རྒྱང་སྐྱོད་སྙིང་སྟོབས་ཀྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་དཔང་པོ་ཞིག་ཏུ་གྱུར་ཡོད།
ད་ཆའི“གངས་རི་དང་རྩྭ་ཐང”དུ་གསོ་རླུང་སྔར་བཞིན་དཀོན་ནའང་། རྒྱང་སྐྱོད་སྙིང་སྟོབས་ཀྱི་འབོད་སྐུལ་འོག་མི་རྣམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཧུར་ཐག་ཞུགས་ནས། ནུས་ཤུགས་ཡོད་རྒུས་ཆ་རྐྱེན་བཏོད་དེ་རི་གྲོང་གི་རྣམ་པར་འགྱུར་ལྡོག་གཏོང་བཞིན་ཡོད། དུས་ཚོད་ཀྱིས་ང་ཚོར་མི་སྒུག་པའི་འཕེལ་རྒྱས་ཀྱི་གོམ་འགྲོས་དེ་དག་རྒྱང་སྐྱོད་ལམ་རྒྱུད་དུ་གཅིག་མཐུན་བྱུང་ཡོད།
ཟླ་བ་དྲུག་པའི་སྐབས་ཀྱི་གྱ་གྱུ་ལ་ཁ་ནི་གཡག་རྔ་གྲོང་ཁྱེར་པའོ་ཤིང་རྫོང་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་གི་བར་དུ་མཐོ་ཞིང་བརྗིད་ཆགས་གེར་གནས་ཡོད། ཉག་གའི་འདབས་རོལ་གྱི་ལག་ཏུ་དམག་དུང་བཟུང་བའི་བརྐོས་བརྙན་ཆེན་པོ་དང“མཐར་ཟད་ལ་འགྲན་སློང་བྱེད། རྒྱལ་ཁ་མ་ཐོབ་ན་སྡོད་ཀྱི་མིན”ཞེས་པའི་ཡིག་འབྲུ་ཆེན་པོ་དག་གིས་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་སྐབས་ས་བབ་མཐོ་ཚད་སྨི་4000ཡན་གྱི་གངས་རི་ཐོག་མ་བརྒལ་བའི་བྱ་སྤྱོད་རླབས་པོ་ཆེར་དྲན་གསོ་བྱེད་བཞིན་ཡོད།
སྐབས་དེར་བོད་རིགས་མང་ཚོཌ་ཤིག་གིས་རང་འགུལ་ངང་དམར་དམག་ལ་ལམ་སྣེ་ཁྲིད་པ་རེད། གངས་རི་བརྒལ་རྗེས་དམར་དམག་གིས“རྟ་ཐོག་སྒྲོན་མེ་ཞིག་གིས་རྒྱང་སྐྱོད་ལམ་བུ་གསལ་བར་བྱས”ཞེས་པའི་ནང་དོན་གཞིར་བཟུང་ནས་ཁོང་གི་མིང་ལ“མཱ་ཏེང་ཧུང”ཞེས་བཏགས།
མཱ་ཏེང་ཧུང་གི་ཚ་མོ་མཱ་ཧྭ་ཡིས། སྐབས་དེ་དུས་དམར་དམག་གིས་པའོ་ཤིང་བརྒྱུད་དེ་གྱ་གྱུ་ལ་ཁ་བརྒལ་བར་ཉིན་ཁ་ཤས་བསྐྱོད་པ་རེད། གཞུང་ལམ་ཤར་གཏོང་ཐུབ་རྗེས་རླངས་འཁོར་བཏང་ནས་བསྐྱོད་ན་ཆུ་ཚོད་གཉིས་ལས་འགོར་གྱི་མེད། 2025ལོའི་ཟླ་དགུ་པར། གྱ་གྱུ་ལ་ཁའི་ཕུག་ལམ་ཤར་གཏོང་ཐུབ་རྗེས་སྐར་མ་10ལས་འགོར་གྱི་མི་འདུག་ཅེས་བཤད།
པའོ་ཤིན་རྫོང་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས། གཞུང་ལམ་བཟོས་ནས་ཕུག་ལམ་བསྐྲུན་པ་དེས་གངས་རིའི་ལྷོ་བྱང་གཉིས་ཀྱི་མང་ཚོགས་ཁྲི་11དགུན་དུས་གངས་འཁྱགས་ཀྱིས་རི་རྒྱ་བསྡམས་དུས་ཕར་ཚུར་འགྲོ་འོང་དཀའ་བའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་པ་མ་ཟད། གཡག་རྔའི་ཡུས་ཁྲེང་ཆུས་དང་། བོད་ཇ། གཡུ་རི་འགག་བཅས་དང་རྔ་བ་ཀྲོའུ་ཡི་སྐུ་བླ་དང་། བ་ལངས་ལ། ལི་རྫོང་ནས་བཙན་ལྷའི་དབར་གྱི་ལམ་སོགས་ལས་རིག་གནས་ཡུལ་སྐོར་གྱི་སྐོར་ལམ་དེ་བས་དམ་ཚགས་ཤིག་གྲུབ་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། 2025ལོ་ནས་ད་བར། པའོ་ཤིང་རྫོང་ལ་གསར་བརྗེའི་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི་230ལྷག་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
དམག་དཔུང་མཉམ་འཛོམས་བྱ་ཡུལ་དུ་རྒྱ་སེ་མེ་ཏོག་བཞད་པ།
གྱ་གྱུ་ལ་ཁའི་བྱང་ཕྱོགས་སུ“ཏ་ཝེ་དམག་དཔུང་མཉམ་འཛོམས”ཀྱི་ལུང་གཞུང་བརྒྱུད་དེ་བསྐྱོད་ན་ལམ་རྒྱུད་ཧྲིལ་པོར་རྒྱ་སེ་མེ་ཏོག་རབ་ཏུ་བཞད་ཡོད།
“རྒྱ་སེའི་མེ་ཏོག་བཞད་པའི་དུས་ཚོད་ནི་ཟླ་བ་ལྔ་པ་ནས་བརྒྱད་པའི་བར་ཡིན་ཞིང་། ད་ཆ་མེ་ཏོག་འདབ་བརྒྱ་གྲོལ་བའི་སྒང་ཡིན”ཞེས་རྒྱ་སེ་ཐོན་ལས་ཀྱི་སྣེ་ཁྲིད་པ་བཙན་ལྷ་རྫོང་ཏ་ཝེ་གྲོང་རྡལ་མའོ་ཧྲུའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་ཝང་ཧུའེ་ཡིས་འཛུམ་དམུལ་དམུལ་ངང་བཤད།
གནས་འདིར་ས་བབ་མཐོ་ལ་ས་རྒྱུ་ཞན་པས། རྒྱ་སེ་མེ་ཏོག་ཇི་ལྟར་རྩ་བ་ཚུགས་པ་ཡིན་ནམ་ཞེ་ན། ཁྲེན་ཝང་ཧུའེ་ཡིས། སྐྱེ་ཁམས་སླར་གསོ་བྱུང་བ་དང་བསྟུན་ནས་རི་སྐྱེས་སྲོག་ཆགས་ཞིང་ཁར་བབས་ནས་ལོ་ཏོག་ཟ་གི་འདུག ཡིན་ནའང་སྲོག་ཆགས་དེ་ཚོས་ཚེར་མ་ཡོད་པའི་རྒྱ་སེ་མེ་ཏོག་ཟ་གི་མི་འདུག་ཅེས་བརྗོད།
“དེས་ང་ལ་བློ་སྒོ་ཕྱེ་ཞིང་། འདེབས་ལས་བྱེད་དུས་མི་ཕྱུགས་ཀྱི་འགལ་བ་ལས་གཡོལ་དགོས། རྒྱ་སེ་མེ་ཏོག་གི་ཁྲོམ་རའི་རིན་ཐང་ཆེ་བ་ཤེས་རྗེས། ང་རང་ཉིད་ཀྱིས་འགྲོ་སོང་བཏང་ནས་ལན་ཀྲོའུ་དང་ཧྲན་ཏུང་སོགས་སུ་རྟོག་ཞིབ་ཏུ་བསྐྱོད་པ་ཡིན”ཞེས་ཁྲེན་ཝང་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས། ལམ་བར་དུ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་སུ་བསྡད་པ་དང་། འཁོར་གསུམ་སྦག་སྦག་ལ་འཚང་ཁ་བརྒྱབ་སྟེ། སྐྱེ་དངོས་ཅི་ཞིག་གྲང་ངར་དང་ཐན་པ་བཟོད་ཐུབ་མིན་འདེམས་སྒྲུག་བྱེད་བཞིན་ཕྱིན་པ་ཡིན་ཞེས་བཤད།
ཏང་དང་སྲིད་གཞུང་གི་རོགས་སྐྱོར་འོག ཁྲེན་ཝང་ཧུའེ་ཡིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་བྱས་པས། འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་། ལྟ་སྐོར་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཞིག་ཆགས་ནས། ལོ་རེར་རྒྱ་སེ་མེ་ཏོག་སོས་པ་ཏུན་2000ལྷག་ཙམ་ཐོན་གྱི་ཡོད། དེས་ན། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི་6.4ཡི་ཁྲོད་གྲོང་ཚོ་46གི་ཞིང་པ་ཆིག་ཁྲི་ལྷག་ཙམ་གྱིས་རྒྱ་སེ་མེ་ཏོག་འདེབས་ཀྱི་ཡོད་པས། དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་6000ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
ཁྱོན་ཡངས་རྩྭ་ཐང་ནས་མྱུར་བཞུད་བྱེད་པའི་ཤུཌ་འགྲེམས་མེ་འཁོར།
དམར་དམག་གིས་རྒྱང་སྐྱོད་བྱེད་རིང་བརྒྱུད་མྱོང་བའི་ཟུང་ཆུའི་རྩྭ་ཐང་ཁོངས་སུ་རྔ་བ་ཀྲོའུ་ཡི་ཟུང་ཆུ་དང་། ཁྱུང་མཆུ། རྔ་བ། མཛོད་དགེ་སོགས་རྫོང་ཚུད་ཀྱི་ཡོད། 2024ལོའི་ཟླ་8པར་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ལན་ཀྲོའུ་དང་ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་བགྲོད་ལམ་གྱི་འགག་རྩའི་ཆ་ཤས་ཤིག་ཡིན་པའི་ཁྲོན་མཚོ་ལྕགས་ལམ་གྱི་ཀྲེན་ཅང་ཀོན་ནས་ཧོང་ཧྲེང་ཀོན་བར་གྱི་ལམ་དུམ་ཤར་གཏོང་ཐུབ་པས་ཟུང་ཆུའི་རྩྭ་ཐང་རྒྱལ་ཡོངས་ཀྱི་ཤུགས་འགྲེམས་མེ་འཁོར་གྱི་ལྕགས་ལམ་དྲ་བ་དང་སྦྲེལ་ཐུབ་ཡོད།
“ངའི་ཁྱིམ་གྱི་མི་རབས་གསུམ་ནི་ལམ་འདིའི་དཔང་པོ་ཡིན”ཞེས་ཟུང་ཆུའི་གྲོང་མི་མཱ་ཡུང་ཅན་གྱིས་བཤད་པ་དང་། ཁོང་གིས། ངའི་སྤོ་བོ་ལགས་ནི་དེ་སྔ་དྲེལ་པ་ཞིག་ཡིན་པ་དང་། པཱ་ལགས་ཀྱིས་ཀྱང་དེ་སྔ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་ཀྱི་ཡོད། ད་ཆ་ང་རང་ཡང་ལྕགས་ལམ་གྱི་ལས་བཟོ་ཞིག་ཡིན། དེ་སྔ་དྲེལ་པ་ཚོ་ཟུང་ཆུ་ནས་ཁྲེང་ཏུར་སྐྱོད་སྐབས“ཟུང་མའོ་གནའ་ལམ”བརྒྱུད་ནས་སྐྱོད་ཀྱི་ཡོད་པ་དང་རྨིན་ཅང་གཙང་པོའི་ལུང་གཞུང་བརྒྱུད་ནས་དཀའ་ཚེགས་ཆེན་པོས་བསྐྱོད་དགོས་ཀྱི་ཡོད། ཡིན་ནའང་ད་ཆ་མི་རྣམས་ཤུགས་འགྲེམས་མེ་འཁོར་ལ་བསྡད་ན། ཆུ་ཚོད་1དང་སྐར་མ་35ཡི་ནང་ཁྲེང་ཏུར་འབྱོར་གྱི་ཡོད།
དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་དེ་ཟུང་ཆུ་རྫོང་གི་གཙོ་ཚང་དགོན་གྲོང་རྡལ་དུ་གནས་ཡོད་པ་དང་ཧོང་ལུང་ནས་གཟི་ཚ་སྡེ་དགུའི་བར་གྱི་ཤུགས་འགྲེམས་མེ་འཁོར་འབབ་ཚུགས་དང་འབྲེལ་ཡོད། “ང་ཚོའི་འདིར་2025ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་36.67ཟིན་པ་དེ་དུས་མཚུངས་ལས་52.4%འཕར་ཡོད། ཡུལ་སྐོར་བ་དེ་བས་མང་བས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་མེ་ཏོག་སི་ར་འབུལ་བར་ཡོང་གི་འདུག”ཅེས་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་གི་འབྲེལ་ཡོད་འགན་འཁུར་བས་བཤད།
མིག་སྔར་ཁྲོན་མཚོ་ལྕགས་ལམ་གྱི་སི་ཁྲོན་ཁོངས་ཀྱི་སྐྲུན་འཕྲོར་ལུས་པ་རྣམས་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་ཡོད་པས། ཁྱུང་མཆུ་དང་མཛོད་དགེ་སོགས་རྫོང་ཡང་ཤུགས་འགྲེམས་མེ་འཁོར་གྱི་དུས་རབས་སུ་བསླེབ་རྒྱུ་རེད། ཤུགས་འགྲེམས་མེ་འཁོར་དང་། མྱུར་བགྲོད་གཞུང་ལམ། མཁའ་འགྲུལ་འགྲུལ་སྐྱེལ་སོགས་ཁྱོན་ཡོངས་ལ་ཁྱབ་པའི་བཀོད་པ་ལས་སི་ཁྲོན་གྱི་ནུབ་བྱང་རྒྱུད་ནི་ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་བདེ་བའི་དཔལ་འབྱོར་བར་ཁྱམས་སུ་འགྱུར་རྒྱུ་རེད།
གངས་འཁྱགས་དང་། ཆར་རླུང་། འདམ་རྫབ་བཅས་ཀྱིས་འབད་འཐབ་ཀྱི་གོམ་སྟབས་ནམ་ཡང་འགོག་མི་ཐུབ། དམར་དམག་བསྐྱོད་ཤུལ་གྱི་གངས་རི་དང་རྩྭ་ཐང་ནས་ཡོང་བས། རྒྱང་སྐྱོད་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་ལ་ཁྲིད་སྟོན་བྱས་ནས། འབད་འཐབ་ཀྱི་གོམ་སྟབས་སྔར་བས་བརྟན་དུ་འགྲོ་བ་དང་གོམ་སྒྲ་སྔར་བས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།