ཐོ་ཁེའོ་ཡི་འདྲི་གཅོད་བློ་ལ་བརྟན་པོར་ངེས་ནས་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་དང་རྒྱལ་སྤྱིའི་དྲང་བདེན་སྲུང་སྐྱོང་བྱེད་དགོས།

ད་ལོ་ནི་ཐོ་ཁེའོ་ཡི་འདྲི་གཅོད་ཁྲིམས་ར་འཚོགས་ནས་ལོ་ངོ་80འཁོར་བའི་ལོ་རེད། ལོ་གཉིས་དང་ལོ་ཕྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་འདྲི་གཅོད་དེར་རྒྱལ་ཁབ་11གི་ཁྲིམས་འཛིན་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་རི་པིན་བཙན་འཛུལ་པས་བསགས་པའི་སྡིག་ཉེས་ཕྱོགས་ཡོངས་ནས་ཐེར་འདོན་བྱས་པ་དེ་ཐོག་ནས་ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་མནའ་མཐུན་རྒྱལ་ཁབ་དང་འཛམ་གླིང་མི་དམངས་ཀྱིས་དམག་འཁྲུག་གི་འགན་འཁྲི་བདའ་འདེད་གཏོང་བའི་ཐུན་མོང་གི་འདོད་བློ་མཚོན་ཡོད་ལ། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་ཁྲིམས་གཞིའི་རྨང་རྡོ་བརྟན་དུ་བཏང་ཡོད། ལོ་རྒྱུས་ཀྱི་དོན་སྟོང་རིང་ལུགས་དང་ལོ་རྒྱུས་བཟོ་བཅོས་རིང་ལུགས་ཀྱི་སྙིགས་རོ་གང་སར་ཁྱབ་ནས་དམག་འཁྲུག་གི་སྡིག་ཉེས་འགེབས་ཐབས་ཀྱི་ལྐོག་གཡོ་བཅངས་པའི་དེང་གི་ཆར་ཐོ་ཁེའོ་ཡི་ཁྲིམས་ར་འཚོགས་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུས་པ་དེས་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་སྲུང་སྐྱོང་དང་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་བརྟན་པོར་ངེས་པར་དོན་སྙིང་གལ་ཆེན་ལྡན་ཡོད།
ཐོ་ཁེའོ་ཡི་འདྲི་གཅོད་ཀྱིས་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་སྲུང་སྐྱོབ་བྱས་ཡོད། རི་པིན་གྱིས་མགོ་བཏགས་ཞུས་པའི་སྔ་རྗེས་སུ་སྒྲིག་འཛུགས་ཡོད་པའི་སྒོ་ནས་ཉེས་གསོག་དཔང་རྟགས་འབོར་ཆེན་མེད་པར་བཟོས་མོད། འོན་ཀྱང་ཐོ་ཁེའོ་ཡི་འདྲི་གཅོད་ཐད་སྔར་བཞིན་དཀའ་སྤྱད་ཞིབ་ཚགས་ཀྱིས་བརྟག་དཔྱད་དཔང་ལེན་དང་རྒྱལ་ཁབ་མང་པོས་མཉམ་ལས་བྱས་པ་བརྒྱུད་དཔང་མིའི་དཔང་ཚིག་དང་། ཡིག་ཐོག་དཔང་ཚིག ཁྲིམས་རའི་དཔང་རྟགས་བཅས་འབོར་ཆེན་འཚོལ་བསྡུ་བྱས་ཏེ་རྩོད་ཐབས་བྲལ་བའི་དོན་དངོས་ཀྱི་ཐོག་ནས་ནན་ཅིང་དམར་གསོད་ཆེན་པོ་སོགས་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྡིག་ཉེས་དང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་གཏུམ་སྤྱོད་ཀྱི་གནས་ཚུལ་ངོ་མ་ཐེར་འདོན་བྱས་ཡོད། ཁྲིམས་རའི་འདྲི་གཅོད་ཟིན་ཐོ་དང་། ཁྲིམས་རའི་དཔང་རྟགས། ལོ་རྒྱུས་ཡིག་ཚགས་བཅས་དེ་དག་ད་བར་སྔར་བཞིན་ལོ་རྒྱུས་ཀྱི་གྱོད་གཞི་ཁྲ་ལོག་རྒྱག་པའི་གཏམ་འཆལ་ལ་སུན་འབྱིན་དང་ལོ་རྒྱུས་ཀྱི་དོན་དངོས་སྲུང་སྐྱོང་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད།
ཐོ་ཁེའོ་ཡི་འདྲི་གཅོད་ནང་ནན་ཅིང་དམར་གསོད་ཆེན་པོའི་སྐོར་གྱི་དཔང་ཚིག་ནི་ཡིད་སྐྱོ་དགོས་པའི་དཔང་ཚིག་ཅིག་རེད། ཁྲིམས་རས་དཔང་མི་འབོར་ཆེན་གྱི་དཔང་ཚིག་དང་། ཡིག་ཐོག་དཔང་ཚིག ཐོག་མའི་ཡིག་ཆ་བཅས་ལ་ཉན་པ་དང་འབྲེལ་དང་ལེན་བྱས་ཏེ་རྒྱལ་སྤྱིའི་ཁྲིམས་རས་ཁྲིམས་ཐག་གཅོད་པའི་བྱེད་ཐབས་ནས་ཀྲུང་གོའི་མི་ཁྲི་30ལྷག་ཙམ་དམར་གསོད་བཏང་བའི་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་གོད་ཆག་ཚབས་ཆེན་བཟོས་པར་ཆེད་དོན་གྱོད་གཞི་ཞིབ་གཅོད་དང་ཕྱོགས་ཡོངས་ནས་ངོ་བོ་གཏན་འཁེལ་བྱས་ཡོད། བཟོད་སྒོམ་བྱེད་ཐབས་བྲལ་ལ་ཡིད་སྐྱོ་དགོས་པའི་དཔང་ཚིག་དེ་དག་ལས་གནོད་འཚེ་ཕོག་མཁན་གྱིས་མྱངས་པའི་སྡུག་བསྔལ་འཛམ་གླིང་ཡོངས་ཀྱིས་ཤེས་པ་མ་ཟད། ནན་ཅིང་དམར་གསོད་ཆེན་པོ་དེ་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་བཙན་འཛུལ་སྡིག་ཉེས་བསགས་པའི་དཔང་རྟགས་ཁུངས་བཙན་ཞིག་ཡིན་པའི་ངོས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ལོ་རྒྱུས་དེབ་ཐེར་དང་འཛམ་གླིང་གི་ལོ་རྒྱུས་དྲན་ཤེས་ནང་དངོས་སུ་བཀོད་ཡོད།
ཐོ་ཁེའོ་ཡི་འདྲི་གཅོད་ཁྲིམས་ར་འཚོཌ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དོན་སྙིང་ནི་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་ཞིག་ཡིན་ལ། མིག་སྔར་ཉེན་བརྡ་བཏང་བ་ཞིག་ཀྱང་རེད། ལོ་ཟླ་ཇི་ལྟར་འདས་པ་དང་ཁས་མི་ལེན་པ་དང་ཧམ་རྩོད་ཇི་ལྟར་བྱས་ཀྱང་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་རྩིས་མེད་དུ་གཏོང་མི་ཐུབ་ལ། རྒྱལ་སྤྱིའི་དྲང་བདེན་རྡོག་རོལ་དུའང་གཏོང་མི་ཐུབ། ཐོ་ཁེའོ་ཡི་འདྲི་གཅོད་བློ་ལ་བརྟན་པོར་ངེས་པ་ནི་མིའི་རིགས་ཀྱིས་ཞི་བདེ་དང་དྲང་བདེན་ཆེད་བློས་གཏོང་བྱས་པའི་ཡིད་སྐྱོ་བའི་རིན་དོད་བློ་ལ་ངེས་པ་ཞིག་དང་། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཁྲིམས་གཞིའི་རྨང་གཞི་ཞིག འཛམ་གླིང་མི་དམངས་ཀྱིས་ཐུན་མོང་ཐོག་དོན་གཉེར་བྱེད་པའི་ཞི་བདེའི་འབྱུང་འགྱུར་སྲུང་སྐྱོང་བྱེད་པ་ཞིག་བཅས་རེད།
(རྩོམ་པ་པོ་ནི《སྐར་དམར་འོད་ཟེར་ཀྲུང་གོར་འཕྲོ》ཞེས་པའི་རྩོམ་པ་པོ་ཨའེ་ཏེ་ཅ·སི་ནུའོ་ཡི་ཚ་བོ་ཡིན་པ)
འབྲེལ་ཡོད་གསར་འགྱུར།