2026ལོའི“ཀུའུ་ལིང་གི་ལས་འཕྲོ”ཞེས་པའི་ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་དང་ལུས་རྩལ་སྤེལ་རེས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།

འདི་ནི་ཀྲུང་གོའི་ཕུའུ་ཅན་ཞིང་ཆེན་གྱི་དབྱུག་རྩེད་སྤོ་ལོའི་རུ་ཁག་དང་ཨ་རིའི་ཨུ་ཁེ་ལཱ་ཧོ་མ་ཀྲོའུ་བྱང་ཤར་ཀྲོའུ་བཙུགས་སློབ་ཆེན་ཆུ་འགྲམ་བྱ་གླག་དབྱུག་རྩེད་སྤོ་ལོའི་རུ་ཁག་གིས་འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར། 2026ལོའི“ཀུའུ་ལིང་གི་ལས་འཕྲོ”ཞེས་པའི་ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་དང་ལུས་རྩལ་སྤེལ་རེས་གཟའ་འཁོར་གྱི་བྱེད་སྒོ་ཕུའུ་ཅན་དུ་སྤེལ་བ་རེད། བྱེད་སྒོ་དེ“རི་མཚོ་སྒྲོལ། འབྱུང་འགྱུར་ལ་ཕྱོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཕུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ། ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོའི་རུ་ཁག་8དང་། “ཀུའུ་ལིང་གི་མཛའ་མཐུན” སྟག་འཕུར་རུ་ཁག་གི་མཛའ་གྲོགས་སློབ་གྲྭའི་སློབ་མ། མཛའ་གྲོགས་གྲོང་ཁྱེར་གྱི་འཐུས་མི་སོགས་མི་400ལྷག་ཙམ་ཞུགས་པ་རེད།
ལུས་རྩལ་འགྲན་བསྡུར་ཚ་ཚ་འུར་འུར་བྱས་པ་ཕུད། ཀྲུང་ཨའི་གཞོན་ནུ་ལོ་ཆུང་ཚོས་ད་དུང་ཕུའུ་ཀྲོའུ་ཡི་ཀུའུ་ལིང་དུ་ལོ་བརྒྱ་མཆོང་སྐྱོད་ཀྱི་མཛའ་མཐུན་བརྩེ་སེམས་ཟབ་མོ་ཤེས་རྟོགས་བྱེད་པར་བསྐྱོད་པ་རེད། ཉེ་ཆར་གསར་དུ་སྒོ་ཕྱེ་བའི་ཀྲུང་ཨའི་གཞོན་ནུའི་མཛའ་གྲོགས་སྤྱི་གླིང་དུ་ལྷག་བསམ་དག་ལ་མཛའ་གྲོགས་ཟབ་མོ་མཚོན་པའི་གཡའ་ཤིང་དམར་པོའི་སྡོང་ཕྲུག་ཐུན་མོང་ཐོག་བཏབ་པ་དང་། ཕུའུ་ཀྲོའུ་ཡི་སློབ་འབྲིང་དང་མཐོ་སློབ་མང་པོར་བསྐྱོད་དེ་ལུས་རྩལ་མཉམ་འགུལ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ཉམས་ལེན། ཚན་རྩལ་གསར་གཏོད་སྤེལ་རེས་བཅས་བྱས་པ། མཚོ་འགག(ཕུའུ་ཀྲོའུ)དོམ་ཁྲའི་འཛམ་གླིང་དང་ཁང་གསུམ་དང་སྲང་ལམ་བདུན་གྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཁུལ་སོགས་སུ་འཚམས་འདྲི་བྱས་ཏེ། ཕུའུ་ཀྲོའུ་ཡི་སྐྱེ་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས་དང་རིག་གནས་ཀྱི་ཁྱད་ཆོས་དབྱིངས་ཞུགས་རྣམ་པའི་སྒོ་ནས་ཉམས་ལེན་བྱས་པ་རེད།
“ཀུའུ་ལིང་དུ་སྤེལ་རེས་བྱེད་སྐབས་ང་ཚོས་རྒྱལ་ཁབ་མི་འདྲ་བའི་རིག་གནས་མཉམ་འདྲེས་ཇི་ལྟར་བྱུང་བ་མཐོང་བྱུང་། དེ་ནི་དངོས་འབྲེལ་ཉམས་ལེན་ཡག་པོ་ཞིག་རེད་འདུག བྱེད་སྒོ་སྤེལ་རིང་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་ཚང་མས་མཛའ་གྲོགས་ཟབ་མོ་མཉམ་སྤྱོད་བྱས་ཡོད”ཅེས་ཨ་རིའི་ཨུ་ཁེ་ལཱ་ཧོ་མ་ཀྲོའུ་བྱང་ཤར་ཀྲོའུ་བཙུགས་སློབ་ཆེན་ཆུ་འགྲམ་བྱ་གླག་དབྱུག་རྩེད་སྤོ་ལོའི་རུ་ཁག་གི་ལུས་རྩལ་པ་ཅེ་ཁེ་ཤུན·རུའེ་ཨན·ཤིར་གྱིས་བཤད།
ཉེ་བའི་ལོ་གསུམ་རིང་། ཀྲུང་ཨའི་གཞོན་ནུའི་སྤེལ་རེས་གཟའ་འཁོར་ནས་ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་གླུ་གཞས་མཉམ་གཏོང་གཟའ་འཁོར་བར་དང་། དེ་ནས་ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་དང་ལུས་རྩལ་སྤེལ་རེས་གཟའ་འཁོར་གྱི་བྱེད་སྒོ་སོགས་བར“ལོ་ལྔར་ཁྲི་ལྔ”ཡི་གྲོས་འགོ་དོན་འཁྱོལ་བྱས་ནས“ཀུའུ་ལིང་གི་ལས་འཕྲོ”ཞེས་པའི་རིམ་སྤེལ་བྱེད་སྒོས་ལང་ཚོའི་སྟོབས་ཤུགས་སྔར་བས་མང་བ་གཅིག་ཏུ་བསྡུས་ཏེ། ཀྲུང་ཨའི་མི་དམངས་ཀྱི་མཛའ་གྲོགས་དེ་ཀུའུ་ལིང་གི་ལོ་ངོ་སྟོང་གི་གསོམ་ཤིང་ལྟར་སྐྱེ་སྟོབས་ལྡན་པའི་ངང་སྐྱེ་འཚར་དང་ཡུན་ནས་ཡུན་དུ་གནས་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།