དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྦྲག་ལམ་ས་མཐོའི་ཡུལ་གྲུ་ཀུན་ལ་ཁྱབ། དུད་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ།

    ​—— རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲུལ་མ་ལག་མགྱོཌ་མྱུར་གཏོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-08

    2025ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན། སྦྲག་སྐྱེལ་མྱུར་སྐྱེལ་དྲ་ཚུགས་1324བཙུཌ་པ་དང་། གྲོང་ཚོ་རིམ་པའི་སྐུར་སྐྱེལ་ཟོག་འགྲུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་2410ཕྱོགས་སྒྱུར་རིམ་སྤོར་བྱས་པས། སྦྲག་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་དང་མྱུར་སྐྱེལ་ཞབས་ཞུ་དེ་བས་ལེགས་པའི་སྒོ་ནས་ཁྱབ་ནས། གྲོང་གསེབ་ཀྱི་བསྐུར་མ་སྐུར་སྐྱེལ་གྱི“མཐའ་མའི་འགག་གནད”ནུས་ལྡན་ངང་བསལ་ཏེ། “རྫོང་ཚང་མར་དབྱེ་འབྱེད་ཁུལ་དང་། ཤང་ཚང་མར་མྱུར་སྐྱེལ་དྲ་ཚུགས། གྲོང་ཚོ་ཚང་མར་ཞབས་ཞུ་བ་ཡོད་པ”བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཞིང་། སྦྲག་ལམ་ཁག་ནི་ས་མཐོའི་ཐག་རིང་གི་གྲོང་གསེབ་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་དུ་འབྲེལ་བའི“བདེ་སྐྱིད་ཀྱི་འབྲེལ་ཐག”ལྟ་བུར་གྱུར་ཡོད་པ་རེད།

    སྐུར་སྐྱེལ་མ་ལག་སྟོབས་ཆེར་བཏང་བ།

    2025ལོར་རིག་ནུས་ཅན་གྱི་དབྱེ་འབྱེད་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་རྫོང་ཁོངས་རིམ་པའི་སྦྲག་བསྐུར་དབྱེ་སྐྱེལ་ལྟེ་གནས་དེ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ཉིན་ལྟར་ཞོགས་པར་མྱུར་སྐྱེལ་ཀུང་སི་མི་འདྲ་བའི་སྐྱེལ་འདྲེན་རླངས་འཁོར་གཅིག་རྗེས་གཉིས་མཐུད་ངང་ཡོང་སྟེ་བསྐུར་མ་ཕབ་རྗེས་དེ་དག་འདྲེན་ཐག་སྟེང་འཕྲུལ་འཁོར་གྱིས་རང་འགུལ་ངང་དབྱེ་བ་འབྱེད་ཀྱི་ཡོད། དེ་ནས་སྲིད་འཛིན་གྲོང་ཚོར་དབྱེ་ནས་རླངས་འཁོར་དུ་བླུགས་པ་དང་སྦྲགས་ཤང་དང་གྲོང་རྡལ་ཁག་གི་སྦྲག་སྲིད་སུའོ་རུ་སྐྱེལ་བར་འགྲོ་གི་ཡོད་པ་རེད།

    རིག་ནུས་ཅན་གྱི་དབྱེ་འབྱེད་མ་ལག་ལ་བརྟེན་པས་བསྐུར་མ་དབྱེ་སྐྱེལ་ལྟེ་གནས་ཀྱིས་ཉིན་ལྟར་བསྐུར་མ་6000ཙམ་འཕྱུགས་པ་མེད་པའི་སྒོ་ནས་སྐྱེལ་ཐུབ་པར་བརྟེན། དེ་སྔོན་ཉིན་ཤས་འགོར་བའི་བསྐུར་མ་ད་ཆ་ལམ་བར་གྱི་དུས་ཚོད་ཧ་ཅང་ཐུང་དུ་ཕྱིན་ཞིང་། སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་མཉམ་ལས་བྱེད་སྟངས་ལས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དང་སྐྱིད་སྣང་བྱུང་ཡོད།

    རྒྱ་ཚ་རྫོང་གི“སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་མཉམ་ལས”ནི་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲུལ་མ་ལག་བསྐྲུན་པའི་དཔེ་མཚོན་ཞིག་ཡིན་ཞིང་། 2021ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲུལ་མ་ལག་སྐྲུན་མགྱོགས་སུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ནས། ཞིང་འབྲོག་ཁུལ་གྱི་སྐུར་སྐྱེལ་ཟོག་འགྲུལ་མ་ལག་བསྐྲུན་རྒྱུ་དེ་ས་གནས་ཀྱི་དམངས་འཚོའི་འདུ་འགོད་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྤྱི་ཡོངས་ཁྲོད་བཞག་ཡོད། རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱིས་ཚོང་དོན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་དང་མཉམ་དུ་ལས་ཀའི་བྱེད་ཕྱོགས་བཏོན་ནས། ནོར་སྲིད་ཀྱི་ལྷན་སྦྱར་སྐུར་སྐྱེལ་ཐུམ་སྒྲིལ་ཞིང་ཕན་གྱི་ཁ་གསབ་ལམ་སྲོལ་དོན་འཁྱོལ་དང་། “སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་མཉམ་ལས”དང“འགྲུལ་སྐྱེལ་དང་ཟོག་འདྲེན་དང་སྦྲག་སྐྱེལ་མཉམ་འདྲེས”“སྦྲག་སྐྱེལ་དང་མྱུར་སྐྱེལ་དང་ཕྱིར་ཚོང་མཉམ་ལས”བཅས་སྐུལ་འདེད་གཏོང་སའི་ཐབས་ལམ་གཙོ་བོ་ཡིན་པ་ཁ་གསལ་བཏོན་ཏེ་ཕྱོགས་ཡོངས་ཀྱི་སྲིད་ཇུས་རྒྱབ་སྐྱོར་མ་ལག་བཙུགས་ཡོད།

    སྐྱེལ་འདྲེན་གྱི་དཀའ་གནད་བསལ་བ།

    ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་འགྲུལ་སྐྱེལ་ས་ཚིགས་སུ་འགྲུལ་སྐྱེལ་ཁ་ལོ་བ་རྣམས་སྔ་ས་ནས་ལས་གནས་ཐོག་འབྱོར་ཏེ་རྫོང་སྦྲག་སྲིད་ཀུང་སིར་ཆ་འཕྲིན་ཞིབ་བསྡུར་བྱས་རྗེས་སྦྲག་ཐོག་བསྐུར་མ་རེ་རེ་འགྲུལ་སྐྱེལ་རླངས་འཁོར་ནང་བླུག་བཞིན་ཡོད། དམིགས་བསལ་གྱི་དུས་གཏན་རླངས་འཁོར་དེས་འགྲུལ་པ་སྐྱེལ་འདྲེན་བྱེད་པ་མ་ཟད། མྱུར་སྐྱེལ་བསྐུར་མ་ཡང་དབོར་འདྲེན་བྱེད་པས། ཁ་ལོ་བ་ནི་འགྲུལ་སྐྱེལ་ཁ་ལོ་བ་ཡིན་ལ་སྦྲག་སྐྱེལ་པའང་ཡིན།

    ཞིང་འབྲོག་ཁུལ་གྱི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད་བཅས་མཉམ་ལས་མི་བྱེད་པ་དང་ཐོན་ཁུངས་ཁ་ཐོར་གྱི་དཀའ་གནད་སེལ་ཆེད། 2024ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། སྦྲག་སྲིད། ཚོང་དོན་སོགས་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག“འགྲུལ་ཟོག་སྦྲག་གསུམ”གཞི་གཅིག་ཅན་གཉེར་སྐྱོང་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། སྤོ་བོ་རྫོང་ཚོད་ལྟའི་ཁུལ་དུ་བདམས་པ་རེད། ཤང་དང་གྲོང་རྡལ་ཁག་གི་སྔར་ཡོད་ཀྱི་འགྲུལ་སྐྱེལ་ས་ཚིགས་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེན་འཕེལ་རྒྱས་ཀྱི་ཞབས་ཞུའི་ས་ཚིགས་སུ་སྒྱུར་བཀོད་བྱས་པས་འགྲུལ་ཟོག་སྦྲག་གསུམ་དུས་མཚམས་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད།

    སྤོ་བོ་རྫོང་གི་ཚོད་ལྟའི་འཚོལ་ཞིབ་ལས་རྫོང་ཡོངས་ཀྱི་གྲོང་རྡལ་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་ཟོག་འདྲེན་གྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་པ་མ་ཟད། ས་ཁུལ་དེ་བས་མང་བར་དཔེ་ལྟ་ཆོག་པའི་ཉམས་མྱོང་ཡང་མཁོ་འདོན་བྱས་ཡོད།

    2025ལོའི་བར། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་38ཀྱིས་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེན་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཏེ་གྲོང་གསེབ་ཏུ་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེན་གྱི་ལམ་ཐིག་97ཤར་གཏོང་བྱས་ཡོད། 2025ལོར་རིམ་རྩིས་བརྒྱབ་ན། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་130ཡིས་སྦྲག་ཐོག་བསྐུར་མ་དང་། མྱུར་སྐྱེལ་བསྐུར་མ། ཐུམ་སྒྲིལ་སོགས་ཁྲི་114.7ལྷག་ཙམ་ཚབ་འདྲེན་བྱས་ནས་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་དབོར་བ་དང་འཛད་རྫས་གྲོང་གསེབ་ཏུ་དབོར་བའི་དགོས་མཁོ་དེ་བས་ལེགས་པའི་ངང་བསྐངས་ཡོད།

    ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

    གམ་པའི་ལུག་ནི་ཆ་སྙོམས་ས་བབ་སྨི་4700ཟིན་པའི་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་དུ་འཚོ་གནས་བྱེད་པ་དང་། དེའི་ཤ་སྤུས་དག་པས་རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཐོག་མ་དེ་རེད། དེ་གོང་ཟོག་འགྲུལ་ཤར་གཏོང་མི་ཐུབ་པ་དང་ཁུངས་འདེད་མ་ལག་མེད་པ་སོགས་དངོས་ཡོད་གནད་དོན་གྱི་ཚོད་འཛིན་ཕོག་ནས་གམ་པའི་ལུག་སྐབས་ཤིག་རིང་ཕྱིར་འཚོང་ཆེན་པོ་བྱེད་ཐུབ་ཀྱི་མེད།

    འཕེལ་རྒྱས་ཀྱི་དགག་གནད་དེ་ཐག་གཅོད་ནུས་ལྡན་བྱ་ཆེད། རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱིས་སྣེ་ཁྲིད་ནས་སྤྱི་འདོམས་བྱས་པ་དང་། བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་མཁའ་འགྲུལ། ཀྲུང་གོ་ཞིབ་དཔྱད་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སི་སོགས་ཕྱོགས་མང་པོའི་སྟོབས་ཤུགས་མཉམ་འབྲེལ་བྱས་ནས“ལམ་ཕྱེད་གྲང་ཕྲེང་དང་། བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད། ས་ཆ་གཞན་དུ་མཛོད་ཁང་འཛུགས་པ། བོད་ནས་བསྐུར་གླ་མི་དགོས་པར་བསྐུར་བ་བཅས་ཟུང་འབྲེལ”གྱི་བསྐུར་སྐྱེལ་བྱེད་སྟངས་གསར་གཏོད་བྱས་ཏེ་འབྲོག་ར་ནས་ལས་སྣོན་དང་། ཟོག་འགྲུལ་གསོལ་ལྕོག་བཅས་བར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཤར་གཏོང་ཐུབ་ཡོད།

    ཟོག་འགྲུལ་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པ་དེས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད། གམ་པའི་ལུག་གསོ་ཚགས་ཀྱི་གཞི་ཁྱོན་དང་ཐོན་རྫས་རིན་ཐང་གཉིས་ཀ་མཐོ་རུ་ཕྱིན་པ་མ་ཟད། གམ་པའི་ལུག་ཀྱང“ས་ཁོངས་ཀྱི་ཁྱད་ལྡན་ཐོན་རྫས”ནས“ས་མཐོའི་IP”ལ་རིམ་སྤོར་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་སྦྲག་སྲིད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིས་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་གྲོང་གསེབ་ཀྱི་དྲ་ཚོང་དང་། ཐོན་ཡུལ་ནས་ཐད་ཀར་མཁོ་འདོན། ཟོག་འགྲུལ་བསྐུར་སྐྱེལ། ཀུན་ཕན་དངུལ་རྩ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཞིང་སྐྱོར་བྱེད་སྟངས་ཤིག་བཏོད་ཅིང་། ལོ་5ཡི་རིང་རིམ་རྩིས་བརྒྱབ་ན་ཞིང་ལས་ཐོན་རྫས་ཀྱི་འཚོང་འགྲིག་ཚད་ཁྲི་23ལྷག་ཙམ་ཟིན་ཡོད། གཞན་ཡང་2025ལོར་ལྗོངས་ཡོངས་ཀྱིས་བསྐུར་སྐྱེལ་ཞབས་ཞུའི་དྲ་བར་བརྟེན་ནས་ཚགས་ཤ་དང་། བོད་ཕག་གི་ཤ། ཀུ་ཤུ་སོགས་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱས་པའི་རིན་ཐང་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་ཡོད།

    “བོད་ཟོག་བོད་ནས་ཕྱིར་གཏོང”ནས“འཛད་རྫས་གྲོང་ཚོར་དབོར་བའི”བར་དང་། འབབ་འཕར་ཕྱུག་འགྱུར་ནས་དམངས་ཕན་དམངས་བདེའི་བར། སྦྲག་སྲིད་ཀྱི་མྱུར་སྐྱེལ་རླངས་འཁོར་གཅིག་རྗེས་གཉིས་མཐུད་ངང་གྲོང་གསེབ་ཀྱི་ལམ་ཆུང་ཐོག་ཏུ་འགྲོ་འོང་བྱེད་ཅིང་། དེས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཞིང་འབྲོག་མང་ཚོགས་ཀྱི་རེ་སྒུག་མཚོན་ནས་དེ་བས་ཐག་རིང་གི་གྲོང་གསེབ་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།