བྱེད་ཐབས་བཟང་པོས་ནག་ཆུ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ལ་སྐུལ་ཁྲིད་བྱེད་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་གྲངས་འཛིན་དཔལ་འབྱོར་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ལྗོངས་ཕྱིར་འགྲེམས་ཚོང་ཁང་བསྐྲུན་པ་དང་། དྲ་ཚོང་ལས་སྟེགས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤུས་རྟགས་ཁས་ལེན་དཔང་འདོན་གྱི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། གྲོང་གསེབ་ཀྱི་དྲ་ཚོང་འཕེལ་རྒྱས་དང་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་སྐྱེད་སྲིང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ནག་ཆུའི་ཁྱད་ལྡན་ཐོན་རྫས་ཁྲོམ་རར་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་རེད།
ལྗོངས་ཕྱིའི་འགྲེམས་ཚོང་ཁང་དེ་ཉིད་ནག་ཆུའི་ཐོན་རྫས་ལྗོངས་ཕྱིའི་ཁྲོམ་རར་འདོན་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཞིང་། 2023ལོའི་ཟླ་8པར། ནག་ཆུ་གྲོང་ཁྱེར་གྱིས་ཀྲེ་ཅང་ཧང་ཀྲོའུ་རུ་ནག་ཆུའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁང་བཙུགས་ནས་སྤུས་ལེགས་ཀྱི་ཞིང་འབྲོག་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་ཚོང་བྱས་ཡོད། འགྲེམས་ཚོང་ཁང་སྒོ་ཕྱེ་ཚུན། རིམ་རྩིས་བརྒྱབ་ན་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་2700ལྷག་ཙམ་བྱུང་བའི་ནང་2025ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་700ལྷག་ཙམ་བྱུང་ཡོད།
དྲ་ཚོང་ལས་སྟེགས་ཀྱིས་མཐུན་རྐྱེན་སྦྱོར་བར་བརྟེན་ནས་ཐོན་ཚོང་སྦྲེལ་མཐུད་ལམ་བུ་ཉིན་རེ་བཞིན་ཤར་གཏོང་ཐུབ་ཡོད། ནག་ཆུ་གྲོང་ཁྱེར་གྱིས“832ལས་སྟེགས(དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་དྲ་ཐོག་ཕྱིར་ཚོང་ལས་སྟེགས)”གཞི་རྟེན་གལ་ཆེན་དུ་བྱས་ཏེ། སྡེ་ཚན་ཁག་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་དེ་གའི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་ཁེ་ལས་ལས་སྟེགས་དེར་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། 2025ལོའི་ཟླ་12བར། ནག་ཆུའི་འབྲོག་མོ་མཉམ་འབྲེལ་ལས་གཏོད་ཚད་ཡོད་འགན་འཁྲི་ཀུང་སི་དང་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་སོགས་མཁོ་སྤྲོད་ཚོང་པ་20ལས་སྟེགས་དེར་བདེ་བླག་ངང་ཞུགས་པ་དང་། 2025ལོར་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་217ཟིན་ཐོག ལས་སྟེགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་612ཟིན་ནས། ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་བ་དང་ཆབས་ཅིག་འབྲོག་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།
སྤུས་རྟགས་སྐྱེད་སྲིང་ཐད་ནག་ཆུ་གྲོང་ཁྱེར་གྱིས་ཁས་ལེན་དཔང་འདོན་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་རྒྱུན་མཐུད་ངང་མཐོ་རུ་བཏང་ཡོད། ཞིང་འབྲོག་ཐོན་རྫས་ཀྱི་རོགས་སྐྱོར་ཁས་ལེན་དཔང་འདོན་གསོ་སྦྱོང་ཚོགས་འདུ་འཚོགས་པ་བརྒྱུད། སྐྱེ་ལྡན་དང་ལྗང་མདོག་ཐོན་རྫས་16གི་ཁས་ལེན་དཔང་འདོན་ལེགས་གྲུབ་ཟིན་ཡོད། 2025ལོར་གསོ་སྦྱོང་གི་ཆེད་དོན་རོགས་སྐྱོར་མ་དངུལ་སྒོར་ཁྲི་18བརྩོན་ལེན་བྱས་པ་དང་འབྲེལ་ལོ་དེའི་ཟླ་11ཚེས་13ཉིན་རིན་མེད་གསོ་སྦྱོང་བྱས་ནས། སྤུས་ལེགས་དང་ཁྱད་ལྡན་ཐོན་རྫས་ཀྱི་ཁེ་ལས་4སྐྱེ་ལྡན་ཁས་ལེན་ཐུབ་རྒྱུར་དམིགས་འཛུགས་རོགས་སྐྱོར་བྱས་པ་རེད།
གངས་ལྗོངས་ས་མཐོ་ནས་ལྗོངས་ཕྱིའི་ཁྲོམ་རའི་བར་དང་། སྲོལ་རྒྱུན་གྱི་བྲིན་ཚོང་ནས“སྤྲིན་ཚོམ”ལས་སྟེགས་བར། ནག་ཆུ་གྲོང་ཁྱེར་གྱིས་དྲ་ཚོང་གྱིས་མཐུན་རྐྱེན་སྦྱོར་བ་དང་། འགྲེམས་ཚོང་གིས་རམ་འདེགས་བྱེད་པ། སྤུས་རྟགས་ཀྱིས་གཙོ་ཁྲིད་བྱེད་པ་བཅས་ཀྱི“གསུམ་སྦྲེལ་ཐེར་གེ”བཏོད་དེ་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་མགྱོགས་སུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།