དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་མང་ཚོགས་ཚོས་ལུགས་མཐུན་གཉེར་སྐྱོང་བྱས་པར་ཡུལ་སྐོར་ཡོང་འབབ་བརྟན་འཕར་བྱུང་བ།

    ​ཁྱིམ་ཚང་མགྲོན་ཁང་གི་ཚོང་ཇེ་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-08

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་དུ་རྐང་ཐང་མར་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་ཕྱིན་པ་དང་། “རི་བོ་གཅིག་ནས་མཚོ་གསུམ་ལ་ལྟ་བ་དང་། གོམ་པ་རེར་ཡུལ་ལྗོངས་རེ་མཐོང་བའི”སྐུ་ལྷ་མཁའ་རིའི་རྐང་ཐང་མར་སྐྱོད་པའི་ལམ་ཐིག་གང་སར་སྐད་གྲགས་ཆོད་དེ་ཡུལ་སྐོར་བ་གྲངས་ལས་འདས་པ་ཞིག་འདི་གར་ཡུལ་སྐོར་ལ་ཡོང་གི་ཡོད་ཅིང་། ལམ་རྒྱུད་ཀྱི་ཞིང་པའི་སྒོ་ར་དེ་དག་ཡུལ་སྐོར་ལམ་བར་གྱི་དྲོ་སྐྱིད་ཆེ་ཤོས་ལྡན་པའི་ས་ཚུགས་སུ་གྱུར་པ་མ་ཟད། ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་ཡོད་པ་རེད།

    སྲས་ཤང་མཚོ་ཡུལ་གྲོང་ཚོར་པད་མ་གླིང་ཞིང་པའི་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་ཚེ་རིང་སྒྲོལ་མས་རྐང་ཐང་མར་ཐོན་གྲབས་ཡོད་པའི་ཡུལ་སྐོར་བར་ལམ་ཟས་གྲ་སྒྲིག་བྱེད་བཞིན་ཡོད། ཉལ་ཁང་10ཡོད་པའི་བོད་བཟོའི་སྒོ་ར་ཆུང་ཆུང་དེ་གཉེར་སྐྱོང་བྱས་ཚུན་གདེང་འཇོག་ཡག་པོ་མང་པོ་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྲས་ཤང་གི་དུད་ཚང་83ལ་ཁྱིམ་ཚང་མགྲོན་ཁང་ཡོད་པ་དང་། ཤང་ཡོངས་ཀྱི་རྐང་ཐང་མའི་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་1000ལྷག་ཙམ་ཟིན་ཏེ། འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་འཕར་ཡོད་པ་རེད།

    ལྷ་ཁང་གྲོང་རྡལ་དུ། ཁྱིམ་ཚང་མགྲོན་ཁང་གི་ཁྱད་ལྡན་གཉེར་སྐྱོང་རྣམ་གྲངས་དེ་བས་སྣ་མང་ཡིན་ཞིང་། བདེ་ཆུང་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་བདེ་ཆུང་མཚོ་མོ་ནི“ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་མཁན”ཁག་དང་པོའི་གྲས་ཤིག་རེད། ཁོང་གི་བོད་བཟོའི་ཐོག་ཁང་གི་ཉི་གཡབ་ཏུ་རྩི་ཤིང་དང་མེ་ཏོག་ཁོག་མ་40ལྷག་ཙམ་བཏབ་ཡོད་པ་དང་། ཉལ་ཁང་བརྒྱད་ཡོད་པ་དེ་དག་གཙང་ལ་སྐྱིད་སྣང་དོད་པོ་ཡོད། ཁོང་གིས་རང་ཁྱིམ་གྱི་སྒོ་ར་དེ་གསོལ་སྟོན་དང་གླུ་གར་ཉམས་ལེན་བྱ་ཡུལ་དུ་སྒྱུར་བཀོད་བྱས་པས། ཡུལ་སྐོར་བས་ཚགས་ཤའི་བྲོ་བ་མྱོང་ཞོར་དུ་སྒོར་གཞས་རྒྱག་སྟངས་སྦྱོང་ཐུབ་ཀྱི་ཡོད། སྒོ་རའི་ནང་། ཁོང་དང་མནའ་མས་ལས་བྲེལ་ཆེན་པོས་སྲོལ་རྒྱུན་གྱི་འབྲི་ཞོ་དང་ཕྱུར་བ་བཟོ་བཞིན་ཡོད་པ་དང་། ལག་ཤེས་ཞིམ་ཟས་དེ་དག་སྔོན་མངགས་དང་ཡུལ་སྐོར་བས་ཉོས་པ་བརྒྱུད་ཟླ་རེར་ཁོང་གི་ཁྱིམ་ལ་ཡོང་འབབ་སྒོར་5000ཙམ་ཡོང་གི་ཡོད་པ་རེད།

    བདེ་ཆུང་མཚོ་མོས། དེ་སྔ་ཡུལ་སྐོར་བ་མང་བའི་ནམ་དུས་སུ་མངགས་ཐོ་མང་བ་དང་མ་དངུལ་གཏོང་ཤུགས་ཆེན་པོ་ཡོད། ཁྱིམ་ཚང་མགྲོན་ཁང་མཛེས་བཟོ་བྱེད་པ་དང་སྒྲིག་ཆས་གསར་པ་ཉོ་བར་མ་དངུལ་མང་པོ་དགོས་པས་ང་ཚོར་མ་དངུལ་འཁོར་རྒྱུག་དང་བཙོངས་འཛིན་གྱི་གནད་དོན་ཐད་སེམས་ཁྲལ་ཆེན་པོ་འདུག ད་ཆ། ཁྲལ་དོན་སྡེ་ཚན་གྱི་མཛུབ་ཁྲིད་འོག་ང་ཚོའི་ཁྱིམ་ཚང་མགྲོན་ཁང་གི་གཉེར་སྐྱོང་གནས་ཚུལ་ཞིབ་བསྡུར་དང་། གན་རྒྱ་དང་ཁྲལ་འཇལ་ཡིད་རྟོན་རིམ་པ་གཏན་འཁེལ་སོགས་ཀྱི་གོ་རིམ་ལེགས་གྲུབ་ཟིན་ནས་བཙོངས་འཛིན་གྱི་གྲངས་བཅད་ལེགས་སྒྲིག་བདེ་བླག་བྱུང་བས། ཁྱིམ་ཚང་མགྲོན་ཁང་གི་ཚོང་ཇེ་ལེགས་སུ་འགྲོ་བཞིན་འདུག་ཅེས་བརྗོད། ད་ཆ། ལྷ་ཁང་གྲོང་རྡལ་དུ་དམངས་སྲོལ་གནས་ཚང་40ལྷག་ཙམ་དང་ཉལ་ཁྲི་300ལྷག་ཙམ་ཡོད་ཅིང་། གཉེར་སྐྱོང་དུད་ཚང་དེ་བས་མང་པོས་བདེ་ཆུང་མཚོ་མོ་ལྟར་ལུགས་མཐུན་གཉེར་སྐྱོང་བྱས་ཏེ། རང་ཁྱིམ་གྱི་སྒོ་ར་ཆུང་ངུར་བརྟེན་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པ་རེད།

    སྐྱེ་ཁམས་དང་ཡུལ་སྐོར་ལ་བརྟེན་ནས་ལུགས་མཐུན་གཉེར་སྐྱོང་བྱས་པ་བརྒྱུད། མང་ཚོགས་ལ་ཁྱིམ་གྱི་སྒོ་འགྲམ་དུ་ཡོང་འབབ་བརྟན་པོ་བྱུང་ཡོད་ལ། ཁྱིམ་ཚང་མགྲོན་ཁང་ལ་སྐྱེ་སྟོབས་དང་གསོན་ཤུགས་དེ་བས་ཆེན་པོ་འཕེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།