རྫ་ཡུལ་རྫོང་ཚ་བ་རོང་ཤང་ཁྲང་ཤིའི་གྲོང་ཚོ་རུ་ཟམ་པ་ལེགས་སུ་ཕྱིན་ནས་སེ་འབྲུའི་ཚོང་ལམ་ཇེ་ཡངས་སུ་ཕྱིན་པ།

འདི་ནི་ཁྲང་ཤིའི་གྲོང་ཚོའི་སེ་འབྲུ་ཡིན་པ།
ཟླ་བ་དྲུག་པའི་རྒྱལ་མོ་རྔུལ་ཆུའི་རོང་དུ་ཚ་བ་ཤིན་ཏུ་ཆེ་ཞིང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་ཁྲང་ཤིའི་གྲོང་ཚོའི་ཐུ་ནི་སིའི་སེ་འབྲུའི་ལྡུམ་རའི་ནང་སེ་འབྲུའི་སྡོང་པོ་རེ་རེར་འབྲས་བུ་བྱུར་བུར་བཏགས་འདུག
གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ནོར་བུས་ཤིང་འབྲས་ལྡུམ་ར་ནས་མི་རིང་བའི་སར་གནས་པའི་རྒྱལ་མོ་རྔུལ་ཆུའི་སྟེང་གི་ཨར་འདམ་ཟམ་ཆེན་ལ་ལྟ་བཞིན་ཕྱིར་དྲན་གྱི་ཀློང་དུ་ཚུད། ཡར་སྔོན་འབྲེང་ཐག་ལ་འཁྱུད་ནས་གཙང་པོ་སྒྲོལ་སྐབས་སྙིང་རྩ་འདར་བ་ནས་དཔྱང་ཟམ་བརྒྱུད་ཕར་ཕྱོགས་སུ་སླེབས་ཐུབ་ཙམ་བར་དང་། དེ་ནས་ཨར་འདམ་ཟམ་ཆེན་བསྐྲུན་ནས་ཐོགས་མེད་ཤར་བགྲོད་ཐུབ་པའི་བར། གཙང་པོ་སྒྲོལ་བའི་བགྲོད་ལམ་གྱི་འཕོ་འགྱུར་གསུམ་ལས་ཁྲང་ཤིའི་གྲོང་ཚོ་རྗེས་ལུས་ནས་ཐོན་ལས་དར་རྒྱས་དང་འཚོ་བ་བདེ་ཞིང་སྐྱིད་པའི་བར་གྱི་བཀྲག་མདངས་འཚེར་བའི་འགྱུར་ལྡོག་ལ་དཔང་པོ་བྱས་ཡོད།
“ནོར་བུ”ལག་ཏུ་བཟུང་ཡང་ཕྱུག་འགྱུར་ལམ་བུ་འཚོལ་དཀའ་བ།
ཁྲང་ཤིའི་གྲོང་ཚོ་ནི་རྒྱལ་མོ་རྔུལ་ཆུའི་རོང་མཐིལ་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་1900ཟིན་པའི་གཙང་པོའི་རྒྱུད་དུ་ཆགས་པས། རི་མཐོ་གྲོག་རོང་མང་ལ་ཁོད་སྙོམས་པའི་རྨོ་ཞིང་དཀོན་པོ་ཡོད་མོད། འོན་ཀྱང་དེ་གར་ཚ་རྒྱུད་ཕལ་པའི་ཐན་སྐམ་ལུང་གཞུང་གི་གནམ་གཤིས་ཁུལ་དུ་གཏོགས་པས་ཉི་འོད་ཕོག་ཡུན་རིང་བ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ། སད་མི་རྒྱག་པའི་དུས་ཡུན་རིང་བ་བཅས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལས་དེ་གར་ཁྱད་ལྡན་ཤིང་འབྲས་འདེབས་རྒྱུར་འཚམ་པོ་ཡོད།
རང་བྱུང་གི་ཆ་རྐྱེན་ཁྱད་དུ་འཕགས་ཀྱང་ལང་ལོང་དུ་རྒྱུག་པའི་རྒྱལ་མོ་རྔུལ་ཆུས་འགོག་རྐྱེན་བཟོས་ཡོད། གྲོང་ཚོ་ཡོངས་ཀྱི་མི་འགྲོ་འོང་བྱེད་པའི་བགྲོད་ལམ་འབའ་ཞིག་ནི་དུས་རབས་གོང་མའི་ལོ་རབས་60པར་བསྐྲུན་པའི་གཙང་སྒྲོལ་འབྲེང་ཐག་དེ་རེད། གཙང་པོ་སྒྲོལ་བའི་ལྕགས་ཐག་ཕྲ་མོ་དེར་ཡུལ་མི་ཚོས་ལུས་ལ་ཐག་པ་བསྡམས་ཏེ་མཁའ་དབྱིངས་སུ་དཔྱངས་ནས་རྦ་རླབས་དྲག་ཏུ་འཕྱུར་བའི་རྒྱལ་མོ་རྔུལ་ཆུའི་ཕ་རོལ་དུ་བཤུད་བགྲོད་བྱེད་དགོས་སྟབས་འགྲོ་འོང་བྱེད་སྐབས་འཇིགས་སྣང་སྐྱེ་དགོས་པ་ཞིག་ཡོད།
“སྐབས་དེ་དུས་སྨན་པ་བསྟེན་པ་དང་། སློབ་གྲྭར་འགྲོ་བ། ཅ་ལག་ཉོ་བ་བཅས་ཚང་མ་འབྲེང་ཐག་དེ་བརྒྱུད་དགོས་པས་རྒན་གཞོན་ཚང་མ་སྐྲག་སྣང་ཆེན་པོ་སྐྱེ་ཡི་ཡོད”འགྲིམ་འགྲུལ་གྱི་ཚོད་འཛིན་ཕོག་པས་གྲོང་ཚོའི་དཔལ་འབྱོར་གྲུབ་ཆ་སྣ་གཅིག་ཡིན་ལ། ཡུལ་མིས་ནགས་ཁྲོད་ནས་སྔོག་འཐུ་དང་གླ་པ་རྒྱུག་སྟེ་འཚོ་ཐབས་བྱེད་དགོས་པས‘ནོར་བུ’ལག་ཏུ་བཟུང་ཡང་ཕྱུག་འགྱུར་ལམ་བུ་འཚོལ་དཀའ་ཞིང་། འཚོ་བའི་ཆ་རྐྱེན་ཞན་ཙམ་ཡོད”ཅེས་ཚེ་རིང་ནོར་བུས་ཕྱིར་དྲན་བྱེད་བཞིན་བཤད།
ཐོན་ལས་འཕེལ་རྒྱས་ལ་སྔར་བཞིན་དཀའ་ཚེགས་ཆེ་བ།
2005ལོར་རྒྱལ་མོ་རྔུལ་ཆུའི་སྟེང་དུ་དཔྱང་ཟམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས་ཁྲང་ཤིའི་གྲོང་ཚོའི་འབྲེང་ཐག་ཁོ་ནར་བརྟེན་ནས་གཙང་པོ་སྒྲོལ་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ཟམ་པ་དེར་ཟོག་འདྲེན་རླངས་འཁོར་ཆུང་གྲས་དང་སྦག་སྦག་ཤར་གཏོང་ཐུབ་པས་ཡུལ་མི་ཕྱིར་སྨན་བཅོས་བྱེད་པ་དང་། སློབ་གྲྭར་སྐྱོད་པ། དངོས་ཟོག་ཉོ་སྒྲུབ་བཅས་བྱེད་པར་བདེ་འཇགས་དང་སྟབས་བདེ་བྱུང་ཡོད།
འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཅུང་ཙམ་ཕྱིན་ནས་ཁྲང་ཤིའི་གྲོང་ཚོའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་རེ་བའི་མེ་ལྕེ་འབར། གོང་རིམ་ཏང་ཨུད་དང་། སྲིད་གཞུང་། བོད་སྐྱོར། གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱི་རོགས་སྐྱོར་འོག་ཡུལ་མི་ཚོས་ལུང་གཞུང་གི་གནམ་གཤིས་ལེགས་ཆར་གཞི་ཚུགས་ནས་འཚོལ་ཞིབ་དང་ཚོད་ལྟ་ཡང་ཡང་བྱས་མཐར་ཐུ་ནི་སིའི་སེ་འབྲུ་ནང་འདྲེན་དང་འདེབས་འཛུགས་བྱས་ཤིང་། 2016ལོར་སེ་འབྲུ་འདེབས་འཛུགས་ལ་ཕན་འབྲས་རགས་ཙམ་ཐོན་ཏེ་ཁྱད་ལྡན་ཤིང་འབྲས་ཐོན་ལས་རིམ་བཞིན་དར་འགོ་ཚུགས།
འོན་ཀྱང་དཀའ་གནད་གསར་པ་གཅིག་རྗེས་གཉིས་མཐུད་ངང་ཐོན་ཞིང་། དཔྱང་ཟམ་གྱི་ཐེག་ནུས་ལ་ཚད་བཀག་ཡོད་པས་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཤར་བགྲོད་བྱེད་ཐབས་བྲལ་བར་བརྟེན། ཞིང་སྤྱོད་དངོས་ཟོག་གྲོང་ཚོར་དབོར་བ་དང་སེ་འབྲུ་སོས་པ་ཕྱིར་དབོར་བར་རྒྱལ་མོ་རྔུལ་ཆུའི་ཟམ་སྣེར་འབེབས་འཇུག་བྱེད་དགོས་ཀྱི་ཡོད་པས། ཕར་འགྲོ་ཚུར་འོང་བྱེད་པར་དུས་ཚོད་དང་ངལ་ནུས་མང་པོ་འཕྲོ་བརླག་འགྲོ་ཡི་ཡོད། དེ་བས་དཀའ་ལས་ཆེ་བ་ཞིག་ནི་གྲོང་ཚོའི་ཉེ་འགྲམ་གྱི“བོད་ཚ་རྫ”གཞུང་ལམ་གྱི་རིམ་པ་དམའ་བ་དང་ལམ་ངོས་ཞན་པ་མ་ཟད། ཤིང་འབྲས་སོས་པ་དབོར་བར་ངལ་ནུས་མང་པོ་དགོས་པ་དང་མ་གནས་མཐོ་པོ་ཡོད་པས། སྤུས་ཀ་ལེགས་ཀྱང་ཁྲོམ་རའི་སྒོ་མོ་འབྱེད་དཀའ་བར་བརྟེན་ཐོན་ལས་འཕེལ་རྒྱས་སྔར་བཞིན་གཏོང་ཁག་པོ་ཡོད།
ཕྱིར་སྐྱོད་དཀའ་བའི་ལོ་རྒྱུས་མཇུག་འགྲིལ་ནས་གོ་སྐབས་གསར་པ་བསུས་པ།
2020ལོར་ཁྲང་ཤིའི་ཟམ་ཆེན་དུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་རྒྱ་ཆེ་ལ་བརྟན་པའི་ཨར་འདམ་ཟམ་ཆེན་རྒྱལ་མོ་རྔུལ་ཆུའི་སྟེང་དུ་བརྒྱབ་པས་འགྲིམ་འགྲུལ་གྱི་འཇུར་མིག་ཡོངས་སུ་བསལ། ཟོག་འདྲེན་རླངས་འཁོར་ཆེ་གྲས་ཐོགས་མེད་ཤར་བགྲོད་ཐུབ་པ་དང་། གྲོང་ཚོ་བར་དུ་རིང་ཚད་སྤྱི་ལེ་3.9ཡོད་པའི་གཞུང་ལམ་ཧྲིལ་པོར་ཨར་འདམ་ལམ་བཏིང་ཞིང་། “བོད་ཚ་རྫའི”གཞུང་ལམ་གྱི་བོད་གྲོང་ལུང་ནས་ཚ་བ་རོང་དུམ་བུ་བར་སྣུམ་ནག་ལམ་བཏིང་སྟེ། ཟམ་ཆེན་ནས་རྒྱལ་ལམ་གྱི་མ་ལམ་བར་སྐར་མ་གཅིག་ལས་འགོར་གྱི་མེད་སྟབས། ཁྲང་ཤིའི་གྲོང་ཚོའི་ཕྱིར་སྐྱོད་དཀའ་བའི་ལོ་རྒྱུས་མཇུག་འགྲིལ་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཡོད།
ད་ཆ་ཁྲང་ཤིའི་གྲོང་ཚོའི་སེ་འབྲུ་ཕྱིར་བཙོངས་ཚད་ཐོག་མའི་རྒྱ་མ་ཁྲི་5ནས་2025ལོའི་རྒྱ་མ་ཁྲི་20བར་འཕར་བ་དང་2026ལོར་སྔོན་དཔག་བྱས་ན་རྒྱ་མ་ཁྲི་30ཟིན་རྒྱུ་རེད། ཡོང་འབབ་མང་དུ་ཕྱིན་པ་དང་འཚོ་བ་ལེགས་སུ་སོང་བ་དང་བསྟུན་ནས། གྲོང་ཚོ་ཡོངས་ཀྱི་དུད་ཚང་40ལྷག་ཙམ་གྱི་ཡུལ་མིས་སྒེར་འཁོར་ཉོས་ལ། ཕྱིར་སྐྱོད་པ་དང་དངོས་ཟོག་སྐྱེལ་བར་སྟབས་བདེ་པོ་ཡོད་པར་བརྟེན་འཚོ་བ་བདེ་ཞིང་སྐྱིད་པར་གྱུར།
ཁྲང་ཤིའི་གྲོང་ཚོའི་གཙང་པོ་སྒྲོལ་བའི་བགྲོད་ལམ་གྱི་འགྱུར་ལྡོག་གསུམ་ནི་རྫ་ཡུལ་རྫོང་གི་འགྲིམ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་དམངས་འཚོར་ཕན་པ་འདོགས་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྫ་ཡུལ་རྫོང་གིས་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྒྱལ་ལམ་219དང་559 ཞིང་ཆེན་ལམ་203སོགས་ལས་གྲུབ་པའི“གཞུང་གསུམ་འཕྲེད་གཉིས”ཀྱི་ལམ་དྲའི་མ་ལག་བཙུགས་པར་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་1488ཟིན་པ་དང་། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་བསྐྲུན་ཚད་100%ཟིན་ལ། སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་88%ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།